国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀུན་རྟོག་ཚོར་ བའི་རླབས།

ཚོགས་དྲུག་རོལ་ནས་སྲིད་པའི་གར་གཞུང་དུ། །

གཡེང་བའི་ལས་ལ་སྙིང་དབུས་འགུལ་བ་ཡིས། །

ཚོར་བྱུང་རླབས་ཕྲེང་ཀུན་རྟོག་གཏིང་དུ་རྒྱུད། །

སེམས་པའི་མེ་ལོང་རྟག་བརྟན་གཟོད་ནས་བྲལ། །

ཡིད་ངོས་འཆར་བའི་སྣང་ཚུལ་འདྲ་མིན་ཡོངས། །

སྤྲོས་པའི་ཟོལ་གྱིས་སེམས་སུ་འདྲེན་ཞིང་གསལ། །

ཚོར་བྱུང་གསེང་ནས་ལས་རླུང་བསིལ་བ་ཚོགས། །

རྟོག་བཏགས་ཁྲོད་དུ་ཐོལ་གྱིས་འབྱུང་ངེས་དཔོག །

ཡིད་འགྱུ་རླབས་རིས་མི་བརྟན་ངང་གིས་འགྱུར། །

སེམས་བྱུང་སེམས་པ་གློ་བུར་ཚོར་བས་འཁྱུད། །

ཚོར་བྱུང་དབུས་ཀྱི་འཆར་ཡན་རབ་ཏུ་སྨིན། །

གཏིང་མཐའ་རིང་བའི་མི་ཚེའི་མྱོང་བས་རེག །

མཛེས་པ་ཚོགས་ལ་རྟག་སྟོང་འགྱུར་བས་ཟིན། །

སྙན་པའི་དབྱངས་ཀྱང་སྐད་ཅིག་གཅིག་མི་སྡོད། །

ཚོར་བྱུང་ཀློང་ནས་ཀུན་རྟོག་ཚོར་བའི་རླབས། །

སྤྲོས་འཛིན་རིང་མོས་གཏན་དུ་ནང་སེམས་བསླུ། །

རྨོངས་མུན་ཁྲོད་ནས་འཚོ་བའི་ཁ་ཆར་འཚུབ། །

འདུན་མའི་མེ་ཏོག་གདུག་རྩུབ་སེར་བས་ཁྱེར། །

ཚོར་བྱུང་རྡོལ་བའི་སེམས་ཀྱི་འཆར་ཡན་ཀུན། །

ལས་དབང་ཞིག་ཏུ་སྙིང་དང་སེམས་ཀྱིས་ཚོར། །

བླང་དོར་བོར་བའི་ལས་དབང་ཤིན་ཏུ་བཙན། །

ཕུགས་འདུན་ཟད་པའི་སྲིད་པའི་ཆག་སྒོ་ཁྲོད། །

ཚོར་བྱུང་སྟུག་ཀྱང་སྐྱོ་གདུང་དྲག་པོས་འཐུམ། །

ན་ཚོད་བརྗེ་བཞིན་ནང་སེམས་ཞི་བར་འབད། །

༼ ཁམས་འོད་གསལ། ༽