国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞང་བོད་གནའ་བོའི་བསང་ཡིག་དང་དེ་དག་ལས་བྱུང་བའི་ལོ་རྒྱུས།

བོད་འཛོམ་ལ་ཕྲོམ་དང་བོད་མི་ཁྲི་ཐོ་ཆེན་པོའི་སྐོར།

དེ་ལྟར་ཡེ་སྨོན་རྒྱལ་པོའི་རྒྱུད་པ་རྒྱལ་བུ་འཐིང་གེའི་སྲས་བོད་འཛོམ་ལ་ཕྲོམ་གྱིས་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་ཕ་མཚུན་གསོལ་བའི་སྐོར《བསང་ཁང་ཕུབ་པའི་ཡོན་ཏན་ཡིད་བཞིན་ནོར་བུ》ལས།“རྒྱལ ༼ རྒྱ༽ མི་རབ༼ རབས༽ གསུམ་ལ་འཕེན ༼ འཕན༽ པའི་ཚེ།།བོད་མི་རབ༼ རབས༽ གསུམ་ལ་རྨང་པའི་དུས།།སྟོན༼ སྟོང ༽ པ་གསུམ་གྱི་ཕར་ངོས་ནས།།སྟོན༼ སྟོང༽པ་གཤེན་ལྷ་འོད་དཀར་བཀུག།སྲིད་གསུམ་གཤེན་རབ་མི་པོ༼ བོ༽ བཀུག།ལྷ་བོན་སྟག་ལ་ཡར་བཞུར་བཀུག།ལྷ་ལུག་གྲོ་མོ་ཤས་པའི་ཇ།2།གཡས་ཀྱི་རྩེ་ལ་མ་སྨོད་ནས།།རྒྱལ༼ རྒྱ༽ མི་རབ༼ རབས༽ གསུམ་ལ་འཕན་པའི་ཚེ།།བོད་མི་རབ༼ རབས ༽ གསུམ་ལ་རྨང་པ་ཅི་བཞིན་བྱས།།གཡོན་གྱི་བཅོ་ལྔ་རྩེ་ལདུད༽ གྲོལ་བར་བྱས།།དེ་གསུམ་ཞལ་ནས་རེ།།ཁྱོད་ཕ་མཚུན་རྒྱ་ལ་ཤོར་ཟིན་པ།།ཕ་མཚུན་ལོན་པའི་བློ་ཡོད་ན།།རྨང་བདུད་དེ་ནས་གྲོལ་བར་ཟེར།།བོད་ཀྱི་ཁྲི་ཐོ་དེས།།4བསང་ཁང་ཕུབ་ནས་ལྷ་བསང་བྱས།།ལྷ་བསང་བྱས་པའི་ཡོན་ཏན་གྱིས།།རྒྱ་ནས་ཕ་མཚུན་ལོན་པ་བཞིན།།”ཞེས་པའི་དོན《དབུ་ནག་མིའུ་འདྲ་ཆགས》ལས་གསལ་བ་ལྟར།དེ་ལྟར་རྒྱ་འཕེལ་ཞིང་བོད་རྨང་པས་བོད་འཛོམ་ལ་ཕྲོམ་གྱིས་གཤེན་ལྷ་འོད་དཀར་སོགས་སྔོན་གྱི་བོན་པོ་གསུམ་བོས་ནས་དེའི་དོན་ཅི་ཡིན་ཇུ་ཐིག་གི་མོ་བཏབ་པས།ཕ་མཚུན་རྒྱ་ལ་ཤོར་བས་ལན་འདུག་པས་ཕ་མཚུན་ལོན་ཐབས་དགོས་གསུངས།བོད་འཛོམ་ལ་ཕྲོམ་གྱིས་ཕ་ནོར་མང་པོ་ཁྱེར་ནས་རྒྱ་དབང་པོ་ཆེ་ལ་ཕ་མཚུན་ང་ལ་སྟོན་དང་།ང་སྐྱོ་བས་སྐྱོ་སངས་དང་།བསང་མཆོད་ཅིག་ཀྱང་བྱ།རྒྱ་ལ་རྔན་པ་ཕ་ནོར་མང་པོ་སྤྲད་ཟེར་ཡང་ཁོས་ཁས་མ་བླངས།ཡང་རྒྱ་དབང་པོ་ཆུང་བའི་རྩར་སོང་སྟེ་ཞུས་པས་ཕ་མཚུན་མཇལ་དུ་བཅུགཁོ་ཡིས་ཐབས་བྱས་ཏེ་ལུག་སྙིང་དང་ཕ་སྙིང་བརྗེས་ཏེ་སོང་།དེ་ཉིད་རྒྱ་ཡིས་ཤེས་ནས་ཁོའི་རྗེས་དེད་ཀྱང་ཕན་ཚུན་གཏམ་སྨྲ་བ་ཙམ་ལས་ཕ་སྙིང་མ་ལོན།དེར་བོད་ཀྱིས་ལྷ་བོན་གསུམ་གདན་དྲངས་ཏེ་ཉིན་དགུ་ལ་ཡར་སེལ།ཉིན་བཅུ་གསུམ་ལ་མར་སེལ།གསས་མཁར་བཅུ་གསུམ་གྱི་ཁ་རྒྱན་བསྟོད་པས་བོད་ཀྱི་རྨང་པ་གྲོལ།བོད་འཛོམ་ལ་ཕྲོམ་གྱི་སྲས་ནི་བོད་ཁྲི་ཐོ་ཆེན་པོའོ།།

བོད་མ་གསུམ་བུ་དྲུག་གི་སྐོར།

དེ་ཡང《བསང་གི་ཡག་ཀ་བཅུ་གསུམ》ལས།“སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་དེས།།ལྡོང་རིག༼ རིགས༽ ཀུན་ལ་སྨོན་ལམ་བཏབ།།ལྡོང་ལྷ་མོ་ཕུག་ལ་སོགས་ཏེ།།ལྡོང་ཡང་མི་རབ༼ རབས༽ རྒྱུད་དུ་གྲོལ།།ཞེས་པ་ནས།རྒ་ཡང་མི་རབ༼ རབས༽ རྒྱུད་དུ་གྲོལ།།”ཞེས་པའི་དོན《དབུ་ནག་མིའུ་འདྲ་ཆགས》ལས་གསལ་བ་ལྟར།བོད་ཁྲི་ཐོག་ཆེན་པོས་གཉན་ལྕམ་དཀར་མོ་ཁབ་ཏུ་བཞེས་པ་ལ་སྲས་ཆེ་བ་ལྡོང་།འབྲིང་བ་དབྲ།ཆུང་བ་འགྲུ་དང་གསུམ།དམུ་ཟ་ཁབ་ཏུ་བཞེས་པས་སྲས་དམུ་ཚ་སྒ་བྱུང་།སྲིན་མོ་གོ་ཟུ་ཅན་ཁབ་ཏུ་བཞེས་པར་སྲས་ཆེ་བ་དབའ་དང་།ཆུང་བ་ལྡ་དང་གཉིས།དེ་དག་ལ་བོད་མ་གསུམ་བུ་དྲུག་ཟེར།ཨ་མྱེས་ཁྲི་ཐོག་དེ་ལྷ་རི་བཞུར་པོའི་མཐིལ་ན།དུང་གི་མཛོ་མོ་སྨན་གཉིས་སྐྱོང་།ནང་ནུབ་ཟོ་བ་གཉིས་བརྒྱད་བཞོས།དེ་གཉིས་བདུད་ཀྱི་ཇག་པ་རྐྱ་བདུན་གྱིས་འཕྲོགཨ་མྱེས་ར་མདར་སོང་ནས་བར་གྱི་གླིང་ཁུག་གོང་མ་ཟེར་སར་སླེབས།གཉན་ལྕམ་དཀར་མོས་ཁྱོ་བོ་བདུད་ཀྱིས་གསོད་དོགས་ཀྱིས་དུང་གི་སྦལ་པར་བརྫུས་ཏེ་ལམ་བཀགཨ་མྱེས་ཀྱིས་དེ་ངོ་མ་ཤེས་པར་ཁྲོས་ཏེ་སྦལ་པར་གྲི་རྒྱབ།སྦལ་པས་སྐད་ངན་ཤོར་བས་གཉན་རྒན་དྷེ་བས་ཐོས་ཏེ་རང་གི་བུ་མོ་གསོད་པར་དགོངས་ནས་གཉན་གྱི་གཟེར་མདའ་རྒྱབ་སྟེ་ཨ་མྱེས་བསད།དེར་གདུང་དྲུག་བོད་ཀྱིས་བདུད་ལ་ཕ་ཤ་ལེན།གཉན་ལ་ཕ་སྟོང་འདེད་ཟེར་བ་ལ།བར་དེར་ཕྱྭ་བུ་སྤྱི་གཙུག་རྒྱལ་བས་མི་དང་གཉན་གཉིས་བར་གཟུ་བྱས་ཏེ།གཉན་གྱིས་གདུང་དྲུག་ལ་ཕ་སྟོང་འཇལ་བར་ཆད།ལྡོང་ལ་ལྡོང་ལྷ་རྨ་ཕྲོམ་བྱིན།གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན།མི་མངོན་ནམ་མཁའི་དབྱིངས་ན་འདུགལྡོང་དར་ཕྱུག་ཅན་གྱི་སྒྲ་བླ་བྱེད།དབྲ་ལ་དབྲ་མོ་དབྲ་བཀྲ་བྱིན།བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན།ནམ་མཁར་འགྲིམ་ཞིང་གངས་རི་ཉུལ།དབྲ་བཙུན་དར་ཅན་གྱི་སྒྲ་བླ་བྱེད།འགྲུ་ལ་འབྲི་མོ་ཕྲོམ་ཕྲོམ་བྱིན།ལྷ་གཡས་དབལ་གྱི་རྭ་ཅོ་ཅན།འགྲུ་ལ་ཉུལ་ཞིང་རྫ་རི་འགྲིམ།འགྲུ་དཔའ་ངར་ཅན་གྱི་སྒྲ་བླ་བྱེད།སྒ་ལ་སྐར་མ་ལེགས་པོ་བྱིན།གསེར་སྟག་མཚལ་གྱི་རི་མོ་ཅན།ཁམས་གསུམ་འགྲིམ་ཞིང་སྒ་ལ་ཉུལ།སྒ་ཕྱུག་དར་ཅན་གྱི་སྒྲ་བླ་བྱེད།༼ གོང་གསལ་འབྲུག་ཁྱུང་གཡག་སྟག་བཞི་པོ་ཀླུང་རྟའི་ངོས་སུ་བཀོད་པ་དང་མི་རིགས་བཞིའི་བླ་རྟགས་ཀྱི་ཁུངས་ཀྱང་དེ་ཡིན་ཟེར༽ དབལ་ཟླ་གཉིས་ལ་ཤེལ་གྱི་ར་སྐྱེས་ཁམ་པ་དང་།དུང་གི་ཁྱི་མོ་དཀར་མོ་བཅས་བྱིན།༼ དབལ་ཟླ་གཉིས་པོ་མ་ངན་པའམ་བྱས་རྗེས་ཆུང་བས་བུ་གཞན་ལས་མཐོང་ཆུང་བར་བཤད༽ གདུང་དྲུག་བོད་ཀྱིས་ཕ་སྟོང་ཆུང་བས་ད་དུང་བདུད་ལ་ཕ་ཤ་ལེན་པར་བྱས།ཐོག་མར་ཕ་སྟོང་ལེན་པར་ལྡོང་དང་།དབྲ་དང་།སྒ་གསུམ་རིམ་པར་སོང་ཡང་བདུད་ཀྱི་ཟིལ་ལ་མ་བཟོད་ནས་ཚུར་ལོགརྗེས་སུ་འགྲུ་སོང་བས་བདུད་མཁར་ཕྱེ་རྫོང་ཕབས།བདུད་མི་ནག་གསུས་ཆེན་བསད།བདུད་རྗེ་ཁྱབ་པ་ལག་རིང་བཟུང་།བདུད་ཕྲུག་བྲག་ལ་བརྡབ།བདུད་ཆང་འཆི་མེད་བདུད་རྩི་སོགས་རྩ་ཆེའི་རྒྱུ་ནོར་རྣམས་གདུང་དྲུག་བོད་ལ་བགོ་བཤའ་བྱས་པའོ།།

དེ་ལྟར་གནའ་བོའི་ཡིག་རིགས་དེ་དག་ཏུ་ངོ་མཚར་བའི་གསང་བ་གང་མང་བསྔོག་ཏུ་ཡོད་ཀྱང་།ཞིབ་ཕྲ་ཤེས་དགོས་ན་བྱུང་ཁུངས་ཀྱི་ཕུགས་རིང་ཞིང་དུས་ཡུན་རིང་པོའི་ནང་དུ་མཁས་མིན་ཅི་རིགས་ཀྱི་ལག་ནས་བརྒྱུད་དེ་ཡོང་བ་ཡིན་སྟབས།ཡིག་ནོར་དང་དོན་ནོར་མང་པོ་ཞིག་བྱུང་བའི་དབང་གིས་མཐའ་གཅིག་ཏུ་ཁ་ཚོན་ཡང་གཅོད་དཀའ་བ་བྱུང་ཡོད་མོད།གཞི་རྩའི་ཡིག་སྙིང་དེ་དག་སྤྱི་ཡི་གོ་བ་གཅིག་མཚུངས་སུ་འབབ་པ་འདི་དག་ཆེས་རིན་ཐང་ཅན་དུ་མཐོང་།དེ་ལྟར་བཤད་པ་ནི་དཔེ་མཚོན་ཙམ་སྟེ།འདི་དག་དང་འབྲེལ་ཡོད་དཔེ་ཆ་གང་མང་ཞིག་ཡོད་འདུག་པ་ལས་ཁོ་བོས་མཇལ་ཚོད་ཙམ་བྱས་ན།《རྩ་རྒྱུད་ཉི་ཟེར་སྒྲོན་མ》དང་།《གསེར་འོད་ནོར་བུ་འོད་འབར》《འདུར་རྒྱུད་ཕྱར་བ་ཐང་ཆེན》《རྒྱ་བོད་ཡིག་ཚང་ཆེན་མོ》《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》《གླེང་གཞི་བསྟན་པའི་བྱུང་ཁུངས》《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》《སྒྲ་བླའི་གསོལ་མཆོད》《སྒྲ་བླའི་གཡང་ལེན》《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》སོགས་ཡིན་ལ་དེ་དག་ཏུ་སྐབས་ཀྱི་བརྗོད་བྱ་འདི་རིགས་རྒྱས་བསྡུས་དང་མཐུན་མིན་ཅི་རིགས་ཤིག་ཡོད་འདུག་ཀྱང་འདིར་དེ་ཙམ་མོ།།༼ ཧི་མ་ལའི་བོན་གྱི་དྲ་བ་ལས་དྲངས།༽

ཡིད་ལྷུང་ལྷ་མཚོའི་བསང་མཆོད།

ཡང་སྙིང་ཐུགས་ཀྱི་ཟབ་གཏེར་དག་སྣང་སྙན་བརྒྱུད་སྐོར་ལསཿཡིད་ལྷུང་ལྷ་མཚོའི་བསང་མཆོད་ལྷ་ལམ་ཀུན་ཁྱབ་བཞུགས་སོ༔གུ་རུ་སྤྲུལ་པའི་སྐུ་ལ་འདུད༔གནས་ཀྱི་སྲུང་མ་མཆོད་འདོད་ན༔རིན་པོ་ཆེ་ཡི་སྣོད་ནང་དུ༔དཀར་གསུམ་མངར་གསུམ་ཕྱེ་མར་དང་༔རིན་ཆེན་འབྲུ་སྨན་དར་ཟབ་སྤོས༔དཀར་དམར་གཏོར་མ་སྐྱེམས་ཕུད་དང་༔ཤིང་རྩི་སྣ་ལྔའི་དུད་པ་བཏང་།དུང་དཀར་རོལ་མོའི་འདི་སྐད་དོ༔ཀྱཻཿརང་བཞིན་སྤྲོས་བྲལ་གཉུག་མའི་ཀློང་༔འགགས་མེད་རོལ་པ་ཧེ་རུ་ཀ༔སྣང་སྲིད་ཟིལ་གནོན་དྲག་པོ་རྩལ༔བསྐྱེད་པའི་མདུན་གཞི་དྭངས་གསལ་ནས༔མདོ་ཁམས་གནས་མཆོག་ཀུན་གྱི་གཙོ༔འབྲི་ཟླ་ཟར་མའི་གཡུ་མཚོ་ནི༔དཀར་ལ་མཐིང་གི་མདངས་ཆགས་པ༔ཕྱི་ལྟར་ཁྲུས་ཀྱི་རྫིང་བུར་འཁྱིལ༔ནང་ལྟར་རིན་ཆེན་གཞལ་ཡས་ཁང་༔གསང་བ་ཆོས་དབྱིངས་དཀྱིལ་འཁོར་བརྡལ༔མ་བྱས་གཉིས་མེད་ཕོ་བྲང་དུ༔དུས་གསུམ་བྱོན་པའི་སངས་རྒྱས་དང་༔ས་བཅུའི་རྒྱུན་མཐར་བྱང་ཆུབ་སེམས༔རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔དམ་ཅན་རྒྱ་མཚོ་ཐམས་ཅད་ལ༔ཟག་མེད་བདུད་རྩི་་བསང་མཆོད་འབུལ༔མཆོག་དང་ཐུན་མོང་དངོས་གྲུབ་འབད་མེད་རྩོལ༔ཁྱད་པར་གནས་ཀྱི་བསྲུང་མ་མཆོག༔ལྷ་ཀླུ་སྨན་མོ་ཀུན་གྱི་གཙོ༔ལྷ་མོ་རྡོ་རྗེ་གཞོན་ནུ་མ༔དཀར་མོ་དུང་གི་ལེན་ཕྲེང་གསོལ༔ཕྱག་གཉིས་མདའ་དར་མེ་ལོང་བསྣམས༔འཇའ་ཚོན་སྣ་ལྔས་ལུས་མདངས་བརྒྱན༔དར་སྣ་ལྔ་ཡིས་ཅོད་པཎ་འཕུར༔སྒྱུ་འཕྲུལ་གར་གྱི་དབང་ཕྱུག་མ༔ལྷ་ཀླུ་སྨན་མོ་འབུམ་གྱིས་བསྐོར༔དྲི་ཞིམ་བདུད་རྩིས་བསང་མཆོད་འབུལ༔ཡུལ་ཕྱོགས་ནད་གདོན་མུ་གེ་བཟློག༔གཞན་ཡང་ལས་བྱེད་ཕོ་ཉའི་ཚོགས༔འདིར་གཤེགས་དྲི་ཞིམ་བདུད་རྩི་དང་༔རོ་བརྒྱ་ལྡན་པའི་གཏོར་མ་ཡིས༔ཡབ་རྗེ་ཟིལ་ཁྲོམ་རྡོ་རྗེ་བསང་༔གཡས་ཀྱི་དུང་སྤྱང་དཀར་པོ་བསང་༔གཡོན་གྱི་ནུ་བོ་དབང་ཕྱུག་བསང་༔རྒྱབ་ཀྱི་རྡོ་རྗེ་ཟིལ་གནོན་བསང་༔མདུན་གྱི་ཁ་རག་དཔལ་མོ་བསང་༔སྒོ་སྐྱོང་ནོར་བུ་དབང་རྒྱལ་བསང་༔དེ་ལྟར་བསང་བའི་ཡོན་ཏན་གྱིས༔བདག་ཅག་ཡོན་མཆོད་འཁོར་བཅས་ལ༔གང་ལ་རེ་བའི་དོན་རྣམས་ཀུན༔ཐོགས་པ་མེད་པར་མྱུར་འགྲུབ་མཛོད༔སྦྲ་དང་ཞིང་མཁར་མི་ནོར་ཀུན༔བཀྲ་མི་ཤིས་པའི་ངན་སྦྱོར་རྣམས༔ཡུད་ཙམ་གཅིག་གིས་བརླག་པར་མཛོད༔སྲིད་ཞི་དཔལ་གཡང་དབང་བསྡུས་ལ༔བསྟན་འགྲོར་ཡུལ་ཕྱོགས་ཕྱྭ་གཡང་སྩོལ༔བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ས་མ་ཡཱ༔རྒྱ་རྒྱ་རྒྱ༔ཅེས་པ་འདི་འང་མཁན་བསོད་ནམས་འགྱུར་མེད་ཀྱིས་བསྐུལ་ངོར་མི་ལྡོག་པའི་ཆེད་དུ།སྤྲང་སྨྱོན་གཏེར་མིང་པ་ཐེག་མཆོག་གླིང་པས་ཆུ་ཡོས་ཧོར་ཟླ་བའི་ཚེས་ལ་གང་ཤར་དུ་བྲིས་པ་དགེ་ལེགས་འཕེལ།བཀྲ་ཤིས།།

༼ གངས་ལྗོངས་ཉི་གཞོན་དྲ་བ་ནས་དྲངས།༽

རྨ་ཆེན་སྦོམ་རའི་བསང་ཡིག

ཨོཾ་གྲུབ་པའི་དབང་ཕྱུག་པདྨ་འབྱུང་གནས་དང་།།བློ་བཟང་རྒྱལ་བའི་དབང་པོས་བཀའ་བསྒོས་བཞིན།།བསྟན་པ་སྐྱོང་མཛད་ལྷ་ཡི་དགེ་བསྙེན་ཆེ།།འཁོར་བཅས་ཐོགས་པ་མེད་པར་གཤེགས་སུ་གསོལ།།སྤྲིན་དཀར་གཡོ་འདྲའི་རྫུ་འཕྲུལ་རྟ་ཡི་སྟེང་།།དར་མདུང་མདའ་གཞུ་ཞགས་པ་འཛིན་མཛད་ཅིང་།།དཀར་གསལ་དཔལ་བརྗིད་མཛེས་པའི་རྣམ་འགྱུར་ཅན།།འཕྲིན་ལས་བསྒྲུབ་ཕྱིར་གནས་འདིར་བརྟན་པར་བཞུགས།།ཕྱི་ནང་གསང་བའི་མཆོད་པ་སྤྲིན་ལྟར་དཀྲིགས།།གསེར་སྐྱེམས་བདུད་རྩིའི་བཏུང་བ་རྒྱ་མཚོར་བསྐྱིལ།།ཤ་ཁྲག་གཏོར་མ་རི་རབ་ལྟར་སྤུངས་ནས།།དྲག་རྩལ་དགྲ་ལྷའི་རྒྱལ་པོ་འཁོར་བཅས་མཆོད།།འབར་བའི་མེ་ནང་བསངས་རྫས་སྟོང་ཕྲག་དང་།།དྲི་ཞིམ་སྤོས་སྣ་བསྲེགས་པའི་དུད་པའི་སྤྲིན།།དབང་སྔོན་ཆུ་འཛིན་མཁའ་ལ་བསྙེགས་འདྲ་བས།།གཞི་བདག་དགེ་བསྙེན་ཆེན་པོ་འཁོར་བཅས་མཆོད།།རྣམ་འདྲེན་ཐམས་ཅད་གཟིགས་པའི་སྤྱན་སྔ་རུ།།དང་བོར་ཐུགས་བསྐྱེད་ས་བཅུའི་མཐར་སོན་ཀྱང་།།འབྲོག་གནས་ཚུལ་བཟུང་རྨ་ཆེན་སྦོམ་ར་ཞེས།།ཆོས་འཁོར་སྐྱོང་མཛད་སྲུང་མ་ཁྱོད་ལ་བསྟོད།།དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཆེན་པོ།།བློ་གསལ་མཁས་མང་ནོར་བུས་ཡོངས་གང་ཞིང།།བཤད་སྒྲུབ་འདོད་དགུའི་ལོངས་སྤྱོད་ཕུན་ཚོགས་ཀྱིས།།དར་རྒྱས་སྲིད་མཐའི་བར་དུ་གནས་པར་མཛོད།།ལྷག་བསམ་པ་དག་པས་ཚུལ་འདིར་བརྩོན་པ་དང་།།ཚངས་དང་དབང་བོ་འཇིག་རྟེན་སྐྱོང་བ་དང་།།རྨ་ཆེན་སྦོམ་ར་ལ་སོགས་སྲུང་མས་ཀྱང་།།གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག།ཞེས་སོགས་བྱའོ།།འདི་ནི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ཨེ་ཝཾ་ལས་བཤུས་པའོ།།

༼ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བྲིས།༽