国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་གྱི་དཔལ་ཡོན་ ཨེ་མ་མཚར།

ཞོགས་པའི་ཁྲི་གདུགས་ཉི་འོད་ས་ལ་འཕྲོས། །

ཆར་ཆུས་གསོས་པའི་མེ་ཏོག་སྣུམ་ཞག་དོད། །

སྐྱི་བསེར་རླུང་གིས་དྲི་བསུང་ཕྱོགས་བཞིར་ཁྱེར། །

རྫ་ཆུ་བསིལ་མས་མཛའ་གཞས་ཡང་ཡང་གྱེར། །

ཕྱེ་ལེབ་སྒེག་མོས་གར་སྟབས་སྣ་ཚོགས་ངོམ། །

འཇའ་རིས་སྣ་ལྔས་གངས་རིར་མཐའ་རྒྱན་སྤྲས། །

ཅང་ཤེས་རྟ་ཕོས་འཚེར་སྐད་བར་མེད་སྒྲོག །

བཻཌཱུར་ཞུན་མས་བྲན་པའི་སྤང་གཞུང་དུ། །

ནམ་མཁའ་ས་ལ་ལྷུང་འདྲའི་མཚོ་མོ་འཁྱིལ། །

བྱ་རྒོད་ནམ་འཕང་གཏོད་འདྲའི་སྦྲ་གུར་མཛེས། །

མུ་ཏིག་ཐང་ལ་གཏོར་འདྲའི་ལུག་ཁྱུའི་ཚོམ། །

ཨེ་མ་ཉམས་དགའི་དབྱར་གྱི་དཔལ་ཡོན་འདི། །

རི་མོ་མཁན་པོས་པིར་གྱིས་བཞེངས་པ་འདྲ། །

༼ གསོན་འདྲེ། ༽