国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་ཁ་སླེབས་སོང་།

སྔོ་བསངས་མཁའ་ལ་ཉི་ཟླའི་བགྲོད་ལམ་མཛེས། །

བར་སྣང་དབྱིངས་སུ་འདབ་ཆགས་སྣ་ཚོགས་འཕུར། །

ས་གཞི་ཁྱོན་དུ་གུར་གྱི་མེ་ཏོག་བཞད། །

ནམ་ཟླ་དབྱར་ཁ་སླེབས་དུས་ཤིན་ཏུ་སྐྱིད། །

རྩི་ཤིང་སྣ་ཚོགས་མགོ་ལྕོག་ལྡེམ་ལྡེམ་གཡོ། །

ཁུ་བྱུག་སྔོན་མོའི་གསུང་སྐད་སྙན་སྙན་གྲག །

གཙང་ཆབ་སྔོན་མོ་དལ་དལ་འབབ་རྒྱུན་རིང་། །

དབྱར་ཁའི་དུས་འདི་ལྟ་བས་མཆོག་མི་ཤེས། །

སྦྲང་ཆར་ཟིམ་ཟིམ་འཇོ་བའི་གནས་འདི་རུ། །

གཡུ་འབྲུག་སྔོན་མོའི་ངག་སྐད་ལྡི་རི་རི། །

ནོར་འཛིན་ཡངས་པའི་ཁྱོན་དུ་དྭངས་བསིལ་ལེ། །

དབྱར་ཟླ་འགོ་མ་ཚེས་དུས་ལྷག་ཏུ་སྐྱིད། །

ན་ཆུང་བུ་མོས་གར་སྟབས་ལིང་ལིང་བསྒྱུར། །

དཔྱིད་ཀྱི་འཇོལ་མོས་མགྲིན་གླུ་སྙན་སྙན་སྒྲོག །

སྔོ་བསངས་མཁའ་ལ་སྤྲིན་དཀར་ལང་ལོང་འཕྱུར། །

ཁྲི་གདུགས་ཉི་མ་གསེར་གྱི་ས་གཞིར་ཁྱབ། །

ཡངས་པའི་མཁའ་ལ་དུང་གི་ཟླ་བ་ཚེས། །

བར་སྣང་དབྱིངས་སུ་འདབ་ཆགས་སྣ་ཚོགས་རྩེ། །

ནོར་འཛིན་ཁྱོན་དུ་དཀར་དམར་མེ་ཏོག་བཞད། །

དབྱར་གྱི་དུས་འདི་སུམ་རྩེན་ཡུལ་དུ་འཕོ། །

༼ བདེ་ཆེན་ངག་གྲོལ། ༽