国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་རིག་གནས་སྟོབས་ཆེན་ཁུལ་ཁྱོན་ཡོངས་ནས་ འཛུགས་པར་ཐབས་ལམ་དགུ་བསྟན།

ཁྱོན་ཡོངས་ནས་རིག་གནས་སྟོབས་ཆེན་ཁུལ་འཛུགས་པར་དཀར་མཛེས་ཁུལ་གྱི་དོན་དངོས་དང་བསྟུན་པ་རྒྱུན་འཁྱོངས་ཏེ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན་གྱི་གཙོ་གནད་ལས་འགན་ལ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱ་དགོས། གཅིག་ནི་ས་ཁོངས་ཡོངས་སུ་དངོས་མང་བཤམ་སྟོན་ཁང་འཛུགས་པའི་ཁུལ་མུ་མཐུད་དེ་བསྐྲུན་དགོས། ས་གཤིས་མཛེས་ལྗོངས་དང་ལོ་རྒྱུས་རྗེས་ཤུལ། གསར་བརྗེའི་ཤུལ་རྟགས་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་གཞི་བཙུགས་ནས། དངོས་མང་བཤམས་སྟོན་ཁང་གི་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་གྱི་རྩ་བའི་ནུས་པ་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་བསླངས་ཏེ་དངོས་མང་བཤམ་སྟོན་ཁང་འཛུགས་སྐྲུན་ནང་ཞུགས་པ་དང་། བཀོད་པ་ལུགས་དང་མཐུན་ཞིང་གྲུབ་ཚུལ་ལེགས་པོར་ཡིན་པ། ཁྱད་ཆོས་མངོན་པར་གསལ་བའི་ས་ཁོངས་ཡོངས་ཀྱི་དངོས་མང་བཤམ་སྟོན་ཁང་གི་མ་ལག་བསྐྲུན་དགོས། གཉིས་ནི་རྒྱལ་ཁབ་རིག་གནས་གླིང་ག་འཛུགས་པར་ཧུར་ཐག་བསྐུལ་དགོས། རྒྱལ་ཁབ་རིག་གནས་གླིང་གའི་རིག་གནས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། རིགས་བགོས་ཏེ་རྒྱལ་ཁབ་རིག་གནས་གླིང་གའི་རྒྱ་སྐྱེད་ཆེར་སྲིང་ཁུལ་གསར་དུ་བསྐྲུན་ནས། ཁ་ཐོར་བའི་རིག་གནས་ཤུལ་བཞག་ཐོན་ཁུངས་རྒྱུད་དུ་བརྒྱུས། ཚོགས་སུ་བསྡུས། ཡུག་ཏུ་སྦྲེལ་ཏེ། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་རིག་གནས་གླིང་གའི་སྤྱི་ཁོག་གི་དབྱེ་འབྱེད་ཚད་དང་བར་སྟོང་གི་རྒྱུན་མཐུད་རང་བཞིན་ཆགས་པར་བྱ་དགོས། གསུམ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་གནའ་རྟོག་སྔོག་འདོན་ལས་ཀར་བསྐུལ་དགོས། དཀར་མཛེས་ཁུལ་གྱི་གནའ་རྟོག་སྔོག་འདོན་ལས་དོན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གནའ་རྟོག་སྔོན་སྒྲིག་བཅོས་བསྒྱུར་ལ་ཧུར་ཐག་སྐུལ་ཅིང་། ཕན་རོགས་གནའ་ཤུལ་གྱི་རྗེས་འཕྲོའི་གནའ་རྟོག་སྔོག་འདོན་དང་རིག་གནས་ཤུལ་དངོས་སྲུང་སྐྱོང་བེད་སྤྱོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། ཁྲོན་ནུབ་མཐོ་སྒང་ས་ཁུལ་གྱི་དུས་སྐབས་སོ་སོའི་རིག་གནས་གོང་འཕེལ་གནས་བབ་ལ་རྒྱུས་ལོན་ནན་གསལ་བྱས་ཏེ། མདོ་དབུས་མཐོ་སྒང་གི་གནའ་རྟོག་གྲགས་རྟགས་གཏོད་པར་ཤུགས་བརྒྱག་དགོས། བཞི་ནི་རིག་དངོས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་ཏན་ཏིག་བྱེད་པ་དང་། གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་སྲུང་སྐྱོང་དང་གནས་སྤོ་ཐུབ་པའི་རིག་གནས་ཤུལ་དངོས་ཉམས་གསོ་ལ་གཙོ་གནད་དུ་ཤུགས་རྒྱག་ཅིང་། གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལས་གཞི་ལག་ལེན་མཐར་ཕྱིན་བསྟར་ཏེ། སྔོན་རབས་པས་ང་ཚོར་བཞག་པའི་རིག་གནས་ཀྱི་གཅེས་ནོར་ཡག་པོར་བསྲུང་དགོས། ལྔ་ནི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་ཡག་པོ་ཏན་ཏིག་བྱ་དགོས། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གཞི་ལག་ལེན་མཐར་ཕྱིན་བསྟར་བ་དང་། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྲོལ་ཡིག》དག་བཅོས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་རྟེན་གཞི་འཛུགས་སྐྲུན་མགྱོགས་པོར་བྱེད་ཅིང་། མཉམ་འདྲེས་ཅན་གྱི་དམངས་ཁྲོད་བརྒྱུད་འཛིན་དཔུང་སྡེ་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་གསོན་པོའི་རྣམ་པ་བརྒྱུད་འཛིན་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་མུ་མཐུད་བཏང་སྟེ། གཟུགས་མེད་རིག་གནས་ཤུལ་བཞག་གི་ཤུལ་བཞག་རྣམ་གྲངས་བརྒྱུད་འཛིན་གྱི་གསོན་ཤུགས་བསླང་དགོས། དྲུག་ནི་སྲོལ་རྒྱུན་གྱི་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་བེད་སྤྱོད་ཀྱི་སྐུལ་ཤུགས་ཆེ་རུ་གཏང་དགོས། ཕ་ཡུལ་ལ་བརྩེ་བ་གནས་པ་དང་། རང་ཡུལ་སྲུང་ཞིང་སྐྱོང་བ། ཕ་སའི་དྲན་གདུང་མི་ཡལ་བའི་དམིགས་འབེན་ལ་དམ་པོར་དམིགས་ནས། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བེད་སྤྱོད་དང་ཡུལ་སྡེ་དར་རྒྱས་གཏོང་བ་ཟུང་དུ་ནན་ཏར་སྦྲེལ་ཅིང་། ཡུལ་བབ་དང་བསྟུན་ནས་ཡུལ་སྡེའི་ཡུལ་སྐོར་དང་རིག་གནས་གསར་འཆར་འཕེལ་རྒྱས་བཏང་ནས། སྲོལ་རྒྱུན་གྲོང་སྡེར་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་བསྐུལ་དགོས། བདུན་ནི་མང་ཚོགས་ཀྱི་བསམ་པའི་རིག་གནས་བྱེད་སྒོ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་དང་གསར་གཏོད་ལས་གཞི་ལག་ལེན་ཤུགས་ཆེན་པོ་བསྟར་ཅིང་། རིག་གནས་ཡུལ་སྡེར་སྤེལ་བ་སོགས་མང་ཚོགས་རང་བཞིན་ལྡན་པའི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཤར་ནུབ་རྒྱུད་མཉམ་ལས་དང་དམའ་སྐྱོར་རང་བཞིན་གྱི་འཚོ་སྐྱོང་། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་སོགས་ཀྱི་སྟོབས་ཤུགས་གང་ལེགས་སྤྱད་དེ་མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཡོང་བར་སྐུལ་ཅིང་སྤེལ་ནས། མང་ཚོགས་ལ་དེ་བས་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བ་ལོངས་སུ་སྤྱོད་དུ་གཞུག་དགོས། བརྒྱད་ནི་རིག་རྩལ་བརྩམས་ཆོས་སྤུས་དག་གསར་རྩོམ་ལ་ཤུགས་ཡོད་རྒུས་དམ་དུ་གཟུང་དགོས། མི་དམངས་གཙོ་བོར་འཛིན་པའི་གསར་རྩོམ་ཁ་ཕྱོགས་བརྟན་པོར་བཅངས་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཤུལ་བཞག་ཕུལ་བྱུང་རིག་རྩལ་གསར་རྩོམ་གྱི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་བརྩིས་ཤིང་། འདེགས་སྐྱོར་རང་བཞིན་དང་སྣེ་ཁྲིད་རང་བཞིན་ལྡན་པའི་རྣམ་གྲངས་བཟང་གྲས་ཁག་ཅིག་བདམས་ཏེ་གཏན་ལ་ཕབ་ནས་དཀར་མཛེས་ཁུལ་གྱི་གཟུགས་རྣམ་བསྟན་པའི་རིག་གནས་ཀྱི་ཤེས་བྱའི་ཐོན་དབང་དེ་བས་མང་པོ་གཏོད་དགོས། དགུ་ནི་སྤུས་ཚད་མཐོན་པོའི་སྒོ་ནས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བསྐུལ་དགོས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཉེར་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་བ་རྒྱུན་འཁྱོངས་ཤིང་། རིག་གནས་ཡུལ་སྐོར་གཙོ་ལས་སུ་བྱེད་ཅིང་མཉམ་འདྲེས་འཕེལ་རྒྱས་གཏོང་བ་ཁྱད་ཆོས་སུ་བྱེད་པ་དང་། འགྲན་རྩོད་ནུས་པ་ཅུང་ཆེ་བའི་སྣེ་ཁྲིད་ཁེ་ལས་དང་རྐང་འཛིན་ཁེ་ལས་ཚན་འབོར་ཞིག་གསོ་སྐྱོང་བྱ་དགོས། དཀར་མཛེས་ཁུལ་གྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་དེ་ཡུལ་སྐོར་འཕེལ་རྒྱས་དང་ཐོན་རྫས་གསར་སྤེལ་ཁྲོད་དུ་འདྲེས་སུ་བཅུག་པ་དང་། རིག་གནས་ཡུལ་སྐོར་ཨང་ཀི་ཅན་དང་ཐོན་ལས་ཅན་ཟུང་དུ་སྦྲེལ་བའི་མཉམ་ཐོན་འཕེལ་རྒྱས་བྱེད་སྟངས་འཚོལ་ཞིབ་བྱེད་ཅིང་། རིག་གནས་གསར་འཆར་མྱོང་རོལ་དང་ཚན་རྩལ་ཁྱབ་གདལ་ཞིབ་སློབ། སྤྲོ་གསེང་བདེ་གསོ། གནའ་རྟོག་སྔོག་འདོན། གནམ་དཔྱད་སྐར་བརྟག་སོགས་སྣང་ཚུལ་གསར་པ་དང་ལས་རྣམ་གསར་པ་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་ཡུལ་སྐོར་སྣེ་མང་མཉམ་སྡེབ་ཀྱི་འདྲེས་སྦྱོར་ཕན་ནུས་རྒྱུན་ཆད་མེད་པར་བསླང་དགོས།།

( སྐལ་ཐུབ་ཀྱིས་བསྒྱུར།)