གསེར་མདོག་ལྡན་པའི་སྟོན་དུས་ཤར་བ་ན་རང་ཁུལ་གྱི་ས་ཆ་སོ་སོར་ལོ་ལེགས་བྱུང་ཡོད་པས་སོ་ནམ་པ་ཚོའི་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེས། ཉིན་ཤས་བསྟུད་མར་རང་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གིས་གཅིག་རྗེས་གཉིས་མཐུད་ངང་སྟོན་བསྡུ་བྱེད་བཞིན་ཡོད། ནས་ཞིང་དང་གྲོ་ཞིང་ཀུན་ཏུ་སྟོན་རླུང་དལ་བུས་ལྡང་བས་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ། དེའི་ནང་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་སྤྱད་དེ་སྟོན་བསྡུ་ལ་བྲེལ་བཞིན་ཡོད་པས་དེང་རབས་ཞིང་ལས་འཕྲུལ་ཆས་དང་མི་ལུས་ཀྱི་ངལ་རྩོལ་ལ་བརྟེན་ནས་སྟོན་བསྡུའི་མཛེས་རིས་ཤིག་འབྲི་བཞིན་ཡོད།
བྲག་མགོ་རྫོང་དུ་འབྲུ་རིགས་ལོ་ལེགས་བྱུང་།
ཉེ་ཆར་བྲག་མགོ་རྫོང་གི་ཞིང་པ་ཚོ་སྟོན་བསྡུ་ལ་བྲེལ་བཞིན་ཡོད། རྫོང་དེར་བསྐྱོད་སྐབས་གསེར་མདོག་ལྡན་པའི་སྟོན་ལྗོངས་ཀྱི་རྣམ་པ་ཧ་ཅང་མཛེས། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་མཐའ་མེད་གྲོ་ཞིང་དང་ནས་ཞིང་དུ་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད། རྒྱང་ནས་ལྟ་ཚེ་མཛེས་སྡུག་གི་རི་མོ་ཞིག་དང་མཚུངས།
ཤྭ་རྭ་ཐང་སྡེ་ཁུལ་དུ་ཡུལ་མིས་ལས་བགོས་ཁ་གསལ་དང་མཉམ་ལས་བྱས་ཏེ་ཁག་གཅིག་གིས་བརྔ་བསྡུ་འཕྲུལ་འཁོར་སྤྱད་ནས་བརྔ་བསྡུ་བྱེད་པ་དང་ཁག་གཞན་ཞིག་གིས་འབྲུ་རྡོག་འདོན་པ་དང་། དབོར་འདྲེན་བྱེད་པ། རླངས་འཁོར་ནང་བླུག་པ་བཅས་བྱེད་བཞིན་ཡོད་པས་གང་ས་གང་དུ་ལོ་ལེགས་ཀྱི་དགའ་སྤྲོ་རབ་ཏུ་འཕྱུར་གྱི་ཡོད། ཤྭ་རྭ་ཐང་གྲོང་རྡལ་འབའ་ཧེ་གྲོང་སྡེའི་ནས་འདེབས་འཛུགས་དུད་ཆེན་རིག་འཛིན་རྣམ་རྒྱལ་གྱིས་ད་ལོ་ངེད་ཚང་གི་ནས་ཐོན་ཚད་མཐོ་བ་དང་སྤུས་ཚད་ཀྱང་སྔ་ལས་ཡག་པོ་འདུག། སྲིད་གཞུང་གིས་ཁྱབ་གདལ་བཏང་བའི་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་སྤྱད་དེ་ནས་ཐོན་ཚད་དང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ཅེས་དགའ་སྤྲོའི་ངང་བཤད།
སྔོན་ཆད་ཞིང་པ་ཚོས་སྔ་ལངས་ཕྱི་ཉལ་གྱིས་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་ནའང་ཡོང་འབབ་ཧ་ཅང་ཉུང་ཉུང་ཡིན་ཞིང་། ད་ཆ་ཞིང་ལས་གང་ཞིག་བྱེད་ཀྱང་དེང་རབས་ཞིང་ལས་འཕྲུལ་ཆས་འདྲ་མིན་གྱིས་མི་ཤུགས་ཀྱི་ཚབ་བྱས་ནས་སྟོན་བསྡུ་བཞིན་ཡོད་པས་ཐོན་སྐྱེད་ལས་ཆོད་ཆེ་རུ་ཕྱིན་པར་མ་ཟད། ཞིང་པའི་ངལ་རྩོལ་ཤུགས་ཚད་ཀྱང་ཆུང་དུ་ཕྱིན་ནས་མི་སེར་གྱི་ལོ་ལེགས་ཡོང་བར་འགན་སྲུང་བརྟན་པོ་བྱེད་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་བྲག་མགོ་རྫོང་གིས་ཁུལ་ཨུའི“12345”ལས་ཀའི་སྤྱི་ཡོངས་བཀོད་སྒྲིག་ལ་དམིགས་ཏེ། དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ཐོན་ལས་དར་རྒྱས་གཏོང་བ་དེ་ཡུལ་སྡེ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་བའི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་པ་དང་།ཐོན་ལས་གསར་བརྗེའི་ངོ་བོ་ལྡན་པའི་མཉམ་ཕྱུག་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པར་མ་ཟད། ས་ཞིང་གིས་སྤྱི་ཚོགས་ཅན་ཞབས་ཞུའི་རྣམ་པའི་ཚབ་གཉེར་ཏེ་ནས་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།
དཔལ་ཡུལ་རྫོང་དུ་གནམ་གཤིས་ཡག་པ་དང་བསྟུན་ནས་སྟོན་བསྡུའི་ལས་ལ་བྲེལ།
ཟླ་བ་བརྒྱད་པའི་དཔལ་ཡུལ་རྫོང་འབར་རོང་ཡུལ་ཤོག་ལ་སྟོན་ཉམས་རབ་ཏུ་འཕྱུར་ཞིང་གང་སར་གསེར་མདོག་ལྡན། ཡུལ་ཤོག་དེའི་རྟེན་གནས་གྲོང་སྡེའི་ནས་བརྔ་བསྡུ་བྱ་ཡུལ་དུ་བསྐྱོད་སྐབས་བྲེལ་འཚུབ་ཆེ་བའི་ལོ་ལེགས་ཀྱི་རྣམ་པ་མིག་ལམ་དུ་མངོན།
ཡུལ་མི་ཚོས་གནམ་གཤིས་ཡག་པོའི་དུས་སྐབས་བཟུང་ནས་བརྔ་བསྡུ་འཕྲུལ་འཁོར་སྤྱད་དེ་གྲོ་ནས་བརྔ་བསྡུ་བྱེད་བཞིན་ཡོད་པས་ཞིང་ནང་དུ་འཁྲུག་ཆ་དོད་པོས་ཁེངས། བརྔ་བསྡུ་འཕྲུལ་འཁོར་གྱི་འུར་སྒྲ་དང་བསྟུན་ནས་གསེར་མདོག་གི་ནས་སྙེ་བརྔ་བསྡུ་འཕྲུལ་འཁོར་དུ་འདྲེན་པ་དང་། སོག་མ་ཧྲུག་ཧྲུག་བརྔ་བསྡུ་འཕྲུལ་འཁོར་གྱི་མཇུག་ནས་ཕྱིར་ཕུད་པ་དང་འབྲུ་རྡོག་ཚང་མ་ཁུག་མའི་ནང་དུ་བསྡུ་བཞིན་ཡོད།
ཡུལ་མི་ཕུར་པས་སྔོན་ཆད་ང་ཚོས་མི་ནུས་ལ་བརྟེན་ནས་བརྔ་བསྡུ་བྱེད་ཀྱི་ཡོད་པས་དུས་ཚོད་དང་མི་ཤུགས་མང་པོ་གཏོང་གི་ཡོད། ཉེ་བའི་ལོ་ཤས་རིང་ངེད་གྲོང་སྡེའི་སྟོན་བསྡུ་ཚང་མ་བརྔ་བསྡུ་འཕྲུལ་འཁོར་སྤྱད་དེ་བསྡུ་བཞིན་ཡོད་པས་སྔར་ལས་མགྱོགས་པ་དང་སྟབས་བདེ་འདུག། ད་ལོ་ཆར་ཆུ་ལེགས་པ་དང་དུས་མཚུངས་ཚན་རིག་དང་མཐུན་པའི་ལྗང་བུ་གསོ་བ། ནད་འབུའི་འགོག་བཅོས་གང་ལེགས་བྱས་པ་སོགས་བྱ་ཐབས་སྤྱད་ཡོད་པས་ནས་སྐྱེ་འཕེལ་ཡག་བྱུང་ཞེས་བཤད།
འབར་རོང་ཡུལ་ཤོག་གི་ལས་བྱེད་པ་སྐལ་བཟང་ལྷ་མོས་ད་སྔར་སྟོན་བསྡུ་དུས་ཚིགས་ཡིན་པས་དེ་རིང་ང་ཚོས་ཡུལ་ཤོག་གི་ལས་བྱེད་པ་བསྡུས་ནས་ཞོགས་པ་སྔ་པོ་ནས་ཞིང་དུ་ཡོང་ནས་ཡུལ་མིར་ནས་བརྔ་བསྡུ་བྱེད་རོགས་བྱས་པ་ཡིན། ད་ལོ་རྟེན་གནས་གྲོང་སྡེའི་ནས་འདེབས་འཛུགས་རྒྱ་ཁྱོན་མུའུ180ལྷག་ལ་ཟིན་ཡོད། ད་ལོའི་གནམ་གཤིས་བལྟོས་བཅས་ཀྱིས་སྙོམས་པོར་ཡོད་པས་མུའུ་རེའི་ཐོན་འབབ་ན་ནིང་ལས་ཡག་པོ་ཡོང་གི་ཡོད་ཅེས་ངོ་སྤྲོད་བྱས།
དཔལ་ཡུལ་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཚོད་དཔག་བྱས་པར་བརྒྱུད།ད་ལོ་དཔལ་ཡུལ་འབྲུ་རིགས་མུའུ་རེའི་ཐོན་ཚད་སྤྱི་རྒྱ210ནས225བར་ཟིན་པ་དང་རྫོང་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་ཚད་སྔོན་དཔག་བྱས་ན་ཏུན་ཁྲི1.1ཡན་ཟིན་རྒྱུ་རེད་ཅེས་བཤད། ཕྱིན་ཆད་དཔལ་ཡུལ་རྫོང་གིས་སྟོན་བསྡུ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྟོན་བསྡུ་ལས་དོན་ཉེན་མེད་དང་། གོ་རིམ་ལྡན་པ།ནུས་ལྡན་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་བསྐུལ་རྒྱུ་ཡིན་ཞིང་། དུས་མཉམ་དུ་འབྲུ་རིགས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་གནད་ལ་འཁེལ་བ་བྱས་ཏེ་འདེབས་འཛུགས་འཚམ་པའི་སྤུས་ལེགས་དང་།ནུས་ཆེ།ཐོན་མཐོ་བཅས་ཀྱི་ནས་སྣ་ཁ་གསར་པ་གདམ་ཆེད་རྨང་གཞི་བཏིང་སྟེ། བསྡུ་དགོས་པ་ཚང་མ་བསྡུ་བ་དང་འབྲུ་རིགས་འབྲུ་མཛོད་ཁང་དུ་ཉར་ཐུབ་པར་འགན་ལེན་བྱས་ཏེ་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་པའི་ཡོང་འབབ་འཕར་བ། ཡུལ་སྡེ་དར་རྒྱས་ཡོང་བར་བསྐུལ་དགོས་ཞེས་བཤད།།
( ཀུན་དགས་བསྒྱུར། )