གང་གི་བྱ་དངོས་ཁྱེད་ཀྱིས་མ་མཛད་པར། །
སྤུན་ཟླའི་བརྩེ་འདང་ཟབ་པར་མ་ཡིན་ན། །
སེམས་ཀྱི་ཞེན་འདང་རབ་ཏུ་བཞད་པ་ནས། །
ཁྱེད་ཉིད་ཁོ་བོའི་འཇིག་རྟེན་བཞད་པར་འབད། །
གདོང་གི་ཟུར་མིག་བུང་བ་ལྡེམ་ལྡེམ་གཡོ། །
རེག་ན་དཀར་འཇམ་པད་དཀར་རྒྱས་པའི་ཚུལ། །
བུང་བས་ཆ་སྒྲ་སྒྲོག་པའི་འདོད་ལྡན་ངས། །
ཚུལ་བཞིན་ལོངས་སྤྱོད་བྱེད་པས་སྣང་བ་འཁྲུལ། །
བཅུ་དྲུག་ལང་ཚོ་སྨྱོས་པའི་འཇོ་སྒེག་མཁན། །
སྲིད་པའི་གྲོང་ནས་ཚངས་སྲས་བུ་མོ་ཁྱོའི། །
ལུས་ཀྱི་མེ་ཏོག་བདེ་བའི་རེག་བྱ་དེ། །
ཁོ་བོར་དབང་པའི་སྣང་བ་ཡང་ཡང་འཁྲུལ། །
ཉ་གང་ཟླ་བའི་འོད་མདངས་རབ་ཏུ་མཛེས། །
ཁྱེད་ཀྱི་ལང་ཚོ་རྒྱས་པས་འོད་མདངས་འཚེར། །
རྟ་བདུན་དབང་པོར་ཟླ་བས་འགྲན་པ་བཞིན། །
ཁྱེད་ཀྱི་ཆ་ཤས་ཟླ་བས་འགྲན་མ་ནུས། །
ཞལ་གསུང་སྙན་དབྱངས་སྒྲ་གདངས་འཇམ་པའི་མ། །
སྐད་ཅིག་ཐོས་ན་འདོད་ལྡན་ཆགས་པས་སྨྱོས། །
བྱེ་ཐང་ཞག་བཅུ་བརྒལ་པའི་འདོད་ལྡན་དེས། །
ཆུ་ཐིགས་ཙམ་གྱིས་སྐོམ་པ་སེལ་བར་བྱས། །