国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་ཞིང་ཆེན་ཏང་ཨུ་ཕྱི་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲང་ཐའོ་དང་མཇལ་འཕྲད་གནང་སྟེ།

བོད་འབྲེལ་ཕྱི་དོན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ བཞུགས་མོལ་སྤེལ་རེས་གནང་།

སྤྱི་ཟླ8པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཁྲེན་ཏུའུ་རུ་ཞིང་ཆེན་ཕྱི་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲང་ཐའོ་དང་མཇལ་འཕྲད་གནང་སྟེ། ཕྱོགས་གཉིས་པོས་དཀར་མཛེས་ཁུལ་གྱི་ཕྱི་དོན་ལས་དོན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་ཁྱོན་ཡོངས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུའི་ཐད་བཞུགས་མོལ་སྤེལ་རེས་གནང་བ་རེད།

ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་ཏང་ཨུ་ཕྱི་དོན་གཞུང་དོན་ཁང་གིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། ཕྱི་དོན་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་། ཞིང་ཆེན་ཕྱི་དོན་གཞུང་དོན་ཁང་གི་ཐུགས་ཁུར་མཛུབ་ཁྲིད་འོག་དཀར་མཛེས་ཁུལ་གྱིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་ལེན་ནན་ཏན་བསྟར་བ་དང་། དུས་རབས་གསར་པར་ཏང་གི་བོད་སྐྱོང་ཐབས་ཇུས་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཕྱི་འབྲེལ་དང་ཕྱི་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་པ། སྒོ་དབྱེའི་འཕེལ་རྒྱས་ཀྱི་གནས་བབ་རྒྱུན་མི་ཆད་པར་ཇེ་ལེགས་སུ་བཏང་ནས་ཁུལ་ཡོངས་ཀྱི་ཕྱི་དོན་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་སླེབས་པ་ན། དཀར་མཛེས་ཁུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། བདེ་འཇགས་དང་བརྟན་བརླིང་སྲུང་བ། རྒྱལ་སྤྱིའི་འགྲོ་འོང་ཟབ་ཏུ་གཏོང་བ་སོགས་ཕྱི་དོན་ལས་འགན་སྔར་བས་ལྕི་རུ་ཕྱིན་ཡོད། ཞིང་ཆེན་ཕྱི་དོན་གཞུང་དོན་ཁང་གིས་སྔར་བཞིན་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་འཛུགས་སྐྲུན་ལ་དོ་ཁུར་བྱས་ཏེ་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་མཉམ་ལས་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས། ཕྱི་ཕྱོགས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་འཛུགས་པ་སོགས་ཐད་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཆེད་ལས་མཛུབ་ཁྲིད་དེ་བས་མང་བ་བྱས་ནས། དཀར་མཛེས་ཁུལ་གྱི་ཕྱི་དོན་ལས་དོན་གྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲང་ཐའོ་ཡིས་ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཕྱི་དོན་ལས་དོན་སོགས་ཐད་ཐོབ་པའི་གྲུབ་འབྲལ་ལ་རྟེན་འབྲེལ་ཞུས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཕྱི་དོན་ལས་དོན་ལ་མཐོང་ཆེན་བྱས་པར་བསྔགས་བརྗོད་གནང་བ་རེད། ཁོང་གིས་སི་ཁྲོན་ནི་ཕྱི་ཕྱོགས་དང་འགྲོ་འོང་གི་ཞིང་ཆེན་ཆེན་པོ་དང་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གི་ཞིང་ཆེན་ཆེན་པོ་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་གྱི་སྤྱི་ཡོངས་ཁྲོད་དམིགས་བསལ་གྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད། དཀར་མཛེས་ཁུལ་གྱིས་དུས་རབས་གསར་པའི་ཕྱི་ཕྱོགས་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། ཕྱི་ཕྱོགས་ལས་དོན་གྱི་མཐིལ་ཚད་བརྟན་པོར་སྲུང་བ། ལས་ཀའི་རང་སྐུལ་རང་བཞིན་དང་སྔོན་དཔག་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། ཕྱི་ཕྱོགས་འཚམས་འདྲིའི་གོ་སྐབས་བེད་སྤྱོད་ཡག་པོ་བྱེད་པ། ལས་གཞི་དོན་འཁྱོལ་ལ་སྐུལ་བ། རང་བྱུང་དང་ལོ་རྒྱུས། རིག་གནས་བཅས་ཀྱི་ཁྱད་ཡོན་འདོན་པ། རྒྱལ་སྤྱིའི་གྲོགས་པོ་དེ་བས་མང་པོ་དཀར་མཛེས་ཁུལ་དུ་སྤེལ་རེས་དང་ཕན་ཚུན་འཚམས་འདྲིར་ཡོང་བར་ཡིད་དབང་བཀུག་སྟེ། ཞིང་ཆེན་ཡོངས་ཀྱི་ཕྱོགས་ཡོངས་དང་ཁྱོན་ཡོངས། སྒོ་དབྱེ་བཅས་ཀྱི་འཕེལ་ཕྱོགས་གསར་པའི་ཁྲོད་སླར་ཡང་བྱས་རྗེས་གསར་པ་གཞག་དགོས། ཞིང་ཆེན་ཏང་ཨུ་ཕྱི་དོན་གཞུང་ལས་ཁང་གིས་དཀར་མཛེས་ཁུལ་གྱི་ཕྱིར་བསྐྱོད་ནང་འདྲེན་ཐད་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་དང་། ལག་གདང་སྦྲེལ་ནས་ཕྱིར་ཕྱོགས་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་དང་ཉེན་ཁ་སྔོན་འགོག་ནུས་པ་ཆེ་རུ་གཏོང་བ། ཕྱིར་ཕྱོགས་མཉམ་ལས་ཆུ་ཚད་ཆེ་རུ་གཏོང་ཞིང་། རྒྱལ་སྤྱི་ཅན་གྱི་སྐད་ཆ་དང་བྱེད་སྟངས་ཀྱིས་དཀར་མཛེས་ཁུལ་གྱི་ཡུལ་སྡེ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། དམངས་འཚོ་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། དཀར་མཛེས་ཁུལ་གྱིས་ཕྱི་དོན་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)