སྤྱི་ཟླ9ཚེས3ནས5ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་དཀར་མཛེས་ཁུལ་སེར་ཤུལ་རྫོང་དང་། སྡེ་དགེ་རྫོང་། དཔལ་ཡུལ་རྫོང་བཅས་སུ་བརྟག་ཞིབ་ལ་ཕེབས་པ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བ་སྒུལ་ཤུགས་སུ་བྱས་ཤིང་། སྐྱེ་ཁམས་སྔོན་ཐོབ་སྤེལ་བ་དང་འབྱུང་འཕྲོད་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་པ་དང་། མི་རིགས་མཐུན་སྒྲིལ་དང་མཉམ་དུ་ཕྱུག་པོར་ཡོང་བར་སྐུལ་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་བ་བཅས་བྱས་ནས་མི་རིགས་ས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་བའི་ཐད་གོང་འཕེལ་དེ་བས་ཆེན་པོར་ཡོང་བ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
བརྟག་ཞིབ་གནང་རིང་ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བསྟར་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་སྐོར་གྱི་སྙན་ཞུར་ནན་ཏན་ངང་གསན་པ་དང་། ཁུལ་དང་རྫོང་གི་རིམ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ལ་མུ་མཐུད་དེ་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། མི་རིགས་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་བསྒྱུར་བཅོས་བྱེད་ཐབས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་པ། ལྕགས་གཟེར་རྒྱག་པ་ལྟ་བུའི་འགྱུར་མེད་སྙིང་སྟོབས་ཀྱི་ཐོག་ནས་བསྒྱུར་བཅོས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁམས་ཀྱི་ས་གཞི་ཆེན་མོར་ཕན་འབྲས་ཐོན་པའི་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
ཝང་ཞའོ་ཧུའེ་ཡིས་བསྟན་དོན། མི་རིགས་ས་ཁུལ་གྱི་དེང་རབས་ཅན་མེད་ན་སི་ཁྲོན་དེང་རབས་ཅན་ཡོང་མི་སྲིད། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་དེང་རབས་ཅན་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྐུལ་བར་ངེས་པར་དུ་མི་རིགས་ས་ཁུལ་དེང་རབས་ཅན་ལ་བསྐུལ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་དམ་འཛིན་བྱ་དགོས། མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་རྨང་གཞི་འཕེལ་རྒྱས། བསྡུར་གཞིའི་ཁྱད་ཡོན་ལ་གཞི་བཙུགས་པ་དང་། འཕེལ་རྒྱས་དང་བརྟན་བརླིང་། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་དོན་ཆེན་ལ་དམིགས་པ། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བ་ལས་སྐུལ་ཤུགས་དང་གསོན་ཤུགས་བླང་བ། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་རྗེས་སུ་མི་ལུས་པ་དང་རྗེས་ཟིན་ཐུབ་པའི་འགན་ལེན་བྱ་དགོས།
བརྟག་ཞིབ་གནང་རིང་ཝང་ཞའོ་ཧུའེ་ད་དུང་དཔལ་ཡུལ་རྫོང་ཡ་ཆེན་དགོན་པར་ཕེབས་ནས་བོད་བརྒྱུད་ནང་བསྟན་དགོན་སྡེར་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་ཚུལ་རྒྱུས་ལོན་གནང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་པ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་བསྣན་ཏེ་ཆོས་ལུགས་ཞི་མཐུན་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་བཅས་ལ་སྔར་བས་སྐུལ་འདེད་གཏང་དགོས་པའི་ནན་གསུང་གནང་བ་རེད།།
ཞིང་ཆེན་གྱི་མགོ་ཁྲིད་ཁྲེན་ཝེ་དང་ཡེ་ཧན་པིན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)