国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་རྫོང་ཚེ་མགོན་ཡུལ་ཤོག་གི་ལས་ཞུགས་ལྟ་སྦྱོང་རྟེན་གཞིས་ལས་ཞུགས་ཡོང་བར་བསྐུལ།

ལྟ་སྦྱོང་ལས་དོན་མི་སྣས་འབྲོག་པར་ཞབས་འདེགས་ཞུ་བཞིན་པ།

སྤྱི་ཟླ8པའི་ཚེས22ཉིན། ལི་ཐང་རྫོང་ཚེ་མགོན་ཡུལ་ཤོག་གི་ལྟ་སྦྱོང་ལས་དོན་པ་ཆོས་འཛོམས་ཚེ་མགོན་གྲོང་སྡེའི་མང་ཚོགས་ལ་བཅར་འདྲིར་བསྐྱོད་སྐབས་ཚོར་སྣང་ཟབ་མོས་ཚེ་མགོན་ཡུལ་ཤོག་ཏུ་ཟླ་གཅིག་ལྷག་གི་རིང་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་ལས་བྱེད་པས་ང་ལ་ཁྲིད་སྟོན་དང་།རིགས་པའི་གཞུང་ལུགས་དང་དངོས་སྦྱོང་གསོ་སྦྱོང་བྱས་པས་གཞི་རིམ་ལས་དོན་གྱི་ཆེད་ལས་ཤེས་བྱ་མང་པོ་ཤེས་པར་མ་ཟད། ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཀྱང་ཚོར་བྱུང་ཞེས་བཤད།

ད་ལོའི་སྤྱི་ཟླ7པར་ལི་ཐང་རྫོང་ཚེ་མགོན་ཡུལ་ཤོག་གི་ལས་ཞུགས་ལྟ་སྦྱོང་རྟེན་གཞི་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཡོད། ནན་ཁྲུང་རིག་གནས་ཡུལ་སྐོར་སློབ་གླིང་གློག་རྡུལ་ཚོང་དོན་ཆེད་ལས་ནས་ཐོན་པའི་ཆོས་འཛོམས་རྫོང་ཤེས་ལྡན་མི་སྣ་སྤེལ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་ཀྱི་ངོ་སྤྲོད་འོག་ཚེ་མགོན་ཡུལ་ཤོག་གི་ལས་ཞུགས་ལྟ་སྦྱོང་རྟེན་གཞིར་དུས་ཡུན་ལོ་གཅིག་གི་ལྟ་སྦྱོང་འཚོ་བ་སྐྱེལ་འགོ་ཚུགས། ཟླ་གཅིག་ལྷག་རིང་ལ་ཡུལ་དངོས་སྦྱོང་བརྡར་བྱས་པར་བརྒྱུད། མོས་ལས་ཀའི་ཉམས་མྱོང་བསགས་པར་མ་ཟད། ལས་ཞུགས་ནུས་པ་ཡང་ཆེ་རུ་ཕྱིན་ཡོད།

ད་སྔར་སློབ་ཆེན་སློབ་ཐོན་སློབ་མའི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བ་དང་ལས་ཞུགས་དུས་བབ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་གནས་ཚུལ་འོག་ཚེ་མགོན་ཡུལ་ཤོག་གིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལ་བསྐུལ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལེན་ཧུར་ཐག་བྱས་ཏེ་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་དུ་སྔོན་ལ་ལས་ཞུགས་ལྟ་སྦྱོང་རྟེན་གཞི་བཙུགས། དེའི་དམིགས་ཡུལ་ནི་ལྟ་སྦྱོང་ལམ་སྲོལ་ཆ་ཚང་ཞིག་བཙུགས་པར་བརྒྱུད་སློབ་ཐོན་སློབ་མ་སློབ་གྲྭ་ནས་ལས་གནས་སུ་བདེ་བླག་ངང་བར་བརྒལ་ཐུབ་པར་བྱས་ནས་ཁོ་ཚོའི་ལས་ཞུགས་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ་ལས་ཞུགས་བརྟན་པོར་ཡོང་བ་བྱ་རྒྱུ་དེ་རེད།

དེ་སྔོན། སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལྟ་སྦྱོང་ལས་དོན་ལ་སྐུལ་ཆེད། རྫོང་ཤེས་ལྡན་མི་སྣ་སྤེལ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་ཀྱི་མཛུབ་ཁྲིད་འོག་ཚེ་མགོན་ཡུལ་ཤོག་གིས《ལྟ་སྦྱོང་མི་སྣའི་དོ་དམ་ལམ་ལུགས》《ལྟ་སྦྱོང་མི་སྣའི་ལས་ཞུགས་གོང་གི་གསོ་སྦྱོང་ལམ་ལུགས》《ལྟ་སྦྱོང་མི་སྣའི་ལས་ཞུགས་ཞིབ་བཤེར་ལམ་ལུགས》སོགས་སྔ་རྗེས་སུ་བཏོན་ནས་ལས་ཞུགས་ལྟ་སྦྱོང་ལས་དོན་ཚད་ལྡན་ཅན་གྱི་དོ་དམ་བྱས་ཏེ་ལྟ་སྦྱོང་མི་སྣར་རིན་མེད་ངང་ཟ་ཁང་མཁོ་འདོན་བྱེད་པ་དང་།ཁོ་ཚོ་དང་གཞོན་ནུའི་ལས་ཞུགས་ལྟ་སྦྱོང་གི་གྲོས་མཐུན་འཇོག་པ། ཁོ་ཚོ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་བའི་ཉེན་སྐྱོབ་ཏུ་ཞུགས་སུ་བཅུག་པ། དུས་ཐོག་ཏུ་གཞི་རྩའི་འཚོ་བའི་གྲོན་དངུལ་སྤྲོད་པ་བཅས་བྱས་ནས་བློ་གཅིག་སེམས་གཅིག་གིས་ཞབས་ཞུ་ཡག་པོ་བསྒྲུབས་པ་རེད།

ཚེ་མགོན་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་བློ་བཟང་བསྟན་འཛིན་གྱིས་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་པར་བརྒྱུད་རྟེན་གཞིས་སློབ་ཐོན་སློབ་མར་ལག་ལེན་གྱི་ཁོར་ཡུག་དང་ལས་ཞུགས་ཀྱི་ཁོར་ཡུག་བཟང་པོ་བཏོད་ནས་དེ་བས་སྤུས་ལེགས་ཀྱི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ཡོད། ལས་ཞུགས་ལྟ་སྦྱོང་གིས་སློབ་ཆེན་སློབ་ཐོན་སློབ་མ་དང་ལས་ཤོར་གཞོན་ནུའི་ལས་ཀའི་ཉམས་མྱོང་གསོག་འཇོག་དང་། ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་བ། ལས་ཞུགས་ཀྱི་ཞབས་ཞུ་དེ་བས་སྤུས་ལེགས་མཁོ་འདོན་བྱས་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཚེ་མགོན་ཡུལ་ཤོག་གིས་ལས་ཞུགས་ལྟ་སྦྱོང་རྟེན་གཞི་བཙུགས་པ་ནས་བཟུང་སློབ་ཆེན་སློབ་ཐོན་སློབ་མ་གཉིས་ལས་ཞུགས་བརྟན་པོ་ཡོང་བར་གྲུབ་འབྲས་ཐོབ་ཡོད་པ་རེད།།

( ཀུན་དགས་བསྒྱུར།)