( པར་ངོས་དང་པོར་མཐུད།)
གྲུང་ཤ་དོད་པའི་ལོ་ཆུང་བྱིས་པ་ཚོས་སྙན་འཇེབས་ལྡན་པའི་གླུ་གཞས་བླངས་པ་དང་། སྤྲོ་སྣང་ལྡན་པའི་ཨ་ཧྥེ་རི་ཁའི་རྔ་རྡུང་བ། གླུ་ལེན་གར་འཁྲབ་བཅས་བྱས་ནས་ཐག་རིང་ནས་ཕེབས་པའི་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
སྐུ་མགྲོན་ལ་བསུ་བ་ཞུ་བའི་སྙན་འཇེབས་ལྡན་པའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་སྐུ་མགྲོན་ཚོ་དང་ལྷན་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས་པ་རེད།
ཞི་ཅིན་ཕིང་གིས་ཤིས་ཚིག་བསྒྲོན་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་་་ཞུས་ཏེ་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཨ་ཧྥེ་རི་ཁའི་གྲོགས་པོ་དང་ཐུག་འཕྲད་བྱེད་ཐེངས་རེར་་་་ང་ལ་སེམས་ཐག་ཉེ་བའི་ཚོར་སྣང་ཆེན་པོ་ཡོང་གི་འདུག ལྷག་པར་དུ་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་རྨང་གཞི་བརྟན་པ་དང་། འགོ་འཛུགས་ས་མཐོ་བ།མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་བཅས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འོད་སྟོང་འཕྲོ་བའི་མིག་དཔེ་བསྟན་པའི་མྱོང་ཚོར་ཟབ་མོ་ཡོང་གི་འདུག ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་དེ་སྲོལ་རྒྱུན་མཛའ་གྲོགས་ཁྲོད་རྩ་བ་ཚུགས་པ་དང་།མཉམ་ལས་གཉིས་ཕན་ཁྲོད་གསལ་པོར་མངོན་པ། དུས་བསྟུན་མཉམ་སྐྱོད་ཁྲོད་སྟོབས་ཆེར་ཕྱིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་། མི་་སེར་སྤེལ་བར་ངོ་རྒོལ། བཙན་དབང་རིང་ལུགས་ལ་ངོ་རྒོལ་བཅས་བྱེད་པའི་འཐབ་རྩོད་ཁྲོད་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱེད་པ་དང་། འཕེལ་རྒྱས་དར་རྒྱས་གཏོང་བ་དང་དེང་རབས་ཅན་གྱི་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུར་ལག་གདང་སྦྲེལ་ནས་མཉམ་དུ་་སྐྱོད་པ། ཏོག་གསར་རིམས་ནད་འགོག་པའི་ཁྲོད་ཕན་ཚུན་ལྟ་སྐྱོང་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཤུགས་སྒྲིལ་རོགས་ལས་བཅས་བྱས་ཡོད། རྒྱལ་སྤྱིའི་དུས་བབ་་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་ཧྥེའི་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་བྱེད་པ་དང་དེ་བས་བརྟན་དུ་འགྲོ་བཞིན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་པ་དང་དེང་རབས་ཅན་ནི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགྲོ་ལམ་ལྡོག་མེད་དེ་རེད། སྔོན་ཆད་དང་ད་ལྟ་གང་ཞིག་ཡིན་རུང་ཀྲུང་ཧྥེ་ནི་་་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་སྔོན་སྐྱོད་པ་ཡིན་ལ། འབྱུང་འགྱུར་ཡང་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་འཕེལ་རིམ་གྱི་མདུན་གྲལ་དུ་བསྐྱོད་ངེས་ཡིན། ཀྲུང་ཧྥེའི་མི་དམངས་དུང་ཕྱུར་28ལྷག་ཙམ་གྱིས་བློ་ཁ་གཅིག་མཐུན་བྱས་ཚེ། དེང་རབས་ཅན་གྱི་འགྲོ་ལམ་ཐོག་འོད་སྟོང་འབར་བའི་གྲུབ་འབྲས་ཐུན་མོང་ཐོག་གཏོད་ཐུབ་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེང་རབས་ཅན་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་ཐུབ་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད།
གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡེ་ཡིས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་མི་སྣའི་ཚབ་ཞུས་ནས་མཛའ་གྲོགས་ལྡན་པའི་ཀྲུང་གོ་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་གཟབ་རྒྱས་དང་བཀོད་སྒྲིག་འཐུས་ཚང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཧྥེ་ཀྲུང་མཛའ་གྲོགས་ཀྱི་རྨང་གཞི་གཏིང་ཟབ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད། ཕྱོགས་གཉིས་པོའི་འདུ་ཤེས་འདྲ་མཚུངས་དང་། ལྟ་སྟངས་འདྲ་མཉམ། ཕན་ཚུན་བརྩི་འཇོག གཉིས་ཕན་གཉིས་ཁེ། མཐུན་སྒྲིལ་མཉམ་ལས་བཅས་ཡོད་ལ་དེ་བས་འདྲ་མཉམ་དང་གོ་རིམ་ལྡན་པ་དང་ཀུན་ཕན་བསྟུན་མཁས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་རང་ངོས་འཕེལ་རྒྱས་མགྱོགས་་པོ་བྱུང་བ་མ་ཟད། འཛམ་གླིང་ཞི་བདེ་དང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་གལ་ཆེན་རབ་དང་རིམ་པ་དང་གླེང་སྟེགས་ལམ་སྲོལ་འཛུགས་སྐྱོང་ཚུད་པའི་ཀྲུང་ཧྥེའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་གནང་བ་དང་། ཀྲུང་གོ་ཕྱོགས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཧྥེ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་དེ་བས་ལེགས་པ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
གསོལ་སྟོན་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སྐུ་མགྲོན་ཚོ་དང་ལྷན་དུ《ལག་གདང་སྦྲེལ་ནས་མཉམ་དུ་འབྱུང་འགྱུར་གཏོད》ཅེས་པའི་རིག་རྩལ་འཁྲབ་་སྟོན་གཟིགས་ཤིང་། འཁྲབ་སྟོན་ལས་ཀྲུང་ཧྥེའི་སྣ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་དང་ཀྲུང་ཧྥེའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་སྙིང་ཉེ་བའི་རྣམ་པ་གང་ལེགས་མངོན་པས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)