国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་སའི་ངོ་སྤྲོད་སྙིང་བསྡུས་བཞུགས་སོ།།

ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཚོས་མིའི་རིགས་ལ་སྤྱི་ལོའི་སྔོན་གྱི་ལོ་ཆིག་ཁྲི་ལྔ་སྟོང་ནས་ཆིག་ཁྲི་ཉིས་སྟོང་བར་ནས་ས་རྒོད་ཞིང་དུ་རྨོས་ཏེ་ལོ་ཏོག་བཏབ་པའི་སྲོལ་དར་ཟིན་པར་བརྗོད་ཅིང་། སྒང་པ་བོད་པའི་ཡུལ་ལ་མཚོན་ན། “རིགས་རྒྱུད་དེ་རྣམས་འཕེལ་པའི་ཆེད་དུ་འཕགས་པས་འབྲུ་སྣ་ལྔ་དང་། གསེར་ལ་སོགས་རིན་པོ་ཆེ་སྣ་ཚོགས་ཁ་བ་ཅན་གྱི་ཕྱོགས་ལ་གཏོར་ཏེ་བྱིན་གྱིས་བརླབས”ཞེས་དང་། ཞིང་ལ་སྔ་བ་ཟོ་དང་ཞིང་ཞེས་པ་སོགས་ལས་ཞིང་ལས་ཆེས་ཐོག་མ་རྩེད་ཐང་གི་རི་བོའི་འདབས་སུ་བྱུང་ཞིང་བཙན་པོ་པུ་དེ་གུང་རྒྱལ་གྱི་དུས་སུ་བོད་ཁམས་སུ་དར་ཁྱབ་སོང་ཟིན་པ་ཤེས་ཐུབ་བོ།།

རང་རེའི་ཡུལ་དུ་ཞིང་ཞེས་པའི་མིང་འདི་དུས་ནམ་ཞིག་ནས་བེད་སྤྱད་འགོ་བཙུགས་པར་ཆ་གསལ་པོར་མ་མཆིས་ཀྱང་དོན་དུ་ས་ཕྱོགས་འདིར་རྐང་གཉིས་མི་རྣམས་བཅའ་སྡོད་བྱས་ནས་ལོ་ཐོག་རྨོད་འདེབས་བྱེད་པའི་སོ་ནམ་ལ་ཁ་བརྟེན་ཏེ་འཚོ་གནས་བྱེད་འགོ་བརྩམས་པ་ནས་ཞིང་ནི་ཡོད་པར་གྱུར་བ་བཤད་མི་དགོས་པ་ཞིག་རེད། གནའ་མི་ཚོས་མ་རྨོས་པའམ་རྨོས་ནས་ལོ་ལྔར་མ་ལོན་པར་ས་དང་ལོ་ལྔའི་ཡན་དུ་རྨོས་པ་ལ་ཞིང་ཞེས་འབོད་པར་བཤད་ཅིང་། དེ་ནི་ལོ་ལྔའི་ཡན་རྨོས་བསྙལ་བྱས་པའི་ས་ལ་ད་གཟོད་ཕར་ས་བོན་ཉུང་ངུ་བཏབ་པ་ལ་ཚུར་འབྲས་བུ་ལྡབ་ལོག་འབྱུང་ཐུབ་པ་དང་། རྗེས་སུ་རྒྱུ་དགེ་བ་ཆུང་ངུ་བསགས་པ་ལ་བདེ་བའི་འབྲས་བུ་རྒྱ་ཆེན་པོ་འབྱུང་བའི་ཡུལ་ལ་བསོད་ནམས་ཀྱི་ཞིང་དང་ཞིང་གི་སྟོབས་ཞེས་བརྗོད་པ་སོགས་པ་ལས་དེང་སང་ཞིང་ཞེས་པ་ནི་རྒྱུའི་འགྲོ་སོང་ཉུང་ངུ་ལས་འབྲས་བུའི་ཡོང་འབབ་མང་པོ་འབྱུང་བའི་དོན་དུ་འཇུག་བཞིན་ཡོད་པ་ཤེས་ཐུབ། ཞིང་པ་ཚོས་སོ་ནམ་བྱེད་པའི་བརྒྱུད་རིམ་དུ་ཞིང་ལ་ས་ཆ་ཆགས་ཚུལ་དང་། ས་འགོ་མཐོ་དམའ། རྨོ་སྔ་ཕྱི་སོགས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ནང་ཞིང་དང་། ཕྱི་ཞིང་། མཐའ་ཞིང་། མཐའ་ཧྲད། གཤོང་ཞིང་། སྒང་ཞིང་། རི་ཞིང་། ཐང་ཞིང་། དབྱར་སློག། སྣུམ་ཞིང་། སྐམ་ཞིང་། རི་མ། ཆུ་མ། རྡོ་ཞིང་། བྱེ་ཞིང་། ཐེམ་ཟུར། བྱ་གྲགས་ཞིང་། འབུ་ཞིང་། ལོག་མ། སྐྱ་ཞིང་། སོན་ཞིང་། དགོན་ཞིང་། ཤས་ཞིང་སོགས་སུ་མིང་གིས་དབྱེ་ཡོད། དོན་ནི་གྲོང་པ་དང་ཐག་ཉེ་ཞིང་ལོ་ཏོག་གཞུན་པོར་སྐྱེ་བའི་ཞིང་ལ་ནང་ཞིང་། གྲོང་པ་དང་ཁ་ཐག་ཅུང་རིང་ཞིང་འབྲས་བུ་ཞན་པའི་ཞིང་ཚང་མ་ལ་ཕྱི་ཞིང་། དེ་ལས་ཆེས་མཐའ་ན་གནས་ཤིང་རྨོད་སློག་དཀའ་བ་ལ་མཐའ་ཧྲད། ས་གཤོང་དུ་ཡོད་པར་གཤོང་ཞིང་།

ས་སྒང་དུ་ཡོད་པར་སྒང་ཞིང་། རི་ངོས་སུ་ཡོད་པར་རི་ཞིང་། ལུང་ཐང་དུ་ཡོད་པར་ཐང་ཞིང་། ས་ཞིང་བསྙལ་བཅུད་གསོ་བ་སོགས་ཀྱི་ཆེད་དུ་ལོ་གཉིས་རེར་ས་བོན་ཐེངས་རེ་ལས་མི་བཏབ་ཅིང་སོན་མ་འདེབས་པའི་ལོར་དབྱར་གཞུང་དུ་རྨོ་དགོས་པའི་ཞིང་ལ་དབྱར་སློག། ས་གཤིས་གཤིན་པོ་དང་སྲན་མ་བཏབ་ཤུལ་ལ་སྣུམ་ཞིང་། ཆུ་འཁྲིད་མི་ཐུབ་པའི་ཞིང་ལ་སྐམ་ཞིང་དང་རི་མ། ཆུ་འདྲེན་ཐུབ་པར་ཆུ་མ། རྡོ་ཧྲུག་དང་བྱེ་མ་མང་བར་རྡོ་ཞིང་དང་བྱེ་ཞིང་། སྐས་ཐེམ་ལྟར་ཆགས་པའམ་སྲིད་རིང་ཞིང་ཞེང་ཕྲ་ལ་རྒྱ་ཅུང་ཆུང་བར་ཐེམ་ཟུར། བྱ་ཀུག་ཀུག་གྲགས་དུས་གཞི་ནས་རྨོས་ནའང་སྟོན་ཀར་དུས་ཐོག་ཏུ་ལེགས་པར་སྨིན་ཐུབ་པར་བྱ་གྲགས་ཞིང་། རྒྱུན་དུ་འབུའི་གནོད་འཚེ་འབྱུང་བའི་ཞིང་ལ་འབུ་ཞིང་། རྨོས་ཟིན་པའི་ཞིང་ལ་ཞིང་ལོག་མ། མ་རྨོས་ནས་བཞག་ཡོད་པ་ལ་སྐྱ་ཞིང་། རྐང་བཙུགས་ནས་ལོ་ཕྱི་མའི་ས་བོན་གྱི་ཆེད་དུ་ལོགས་སུ་དམིགས་བསལ་གྱིས་སོ་ནམ་བྱ་དགོས་པ་ལ་སོན་ཞིང་ཞེས་བརྗོད། ཞིང་གཤོང་གསུམ་ཆུ་མ་ཞིང་གི་ས། ཞིང་ལ་འབྲུ་དྲུག་སྨིན་པའི་ས་ཞེས་དང་། ཕ་ཞིང་སྣུམ་མ་རྒྱ་མཚོའི་མཐིལ་ན་བཞག་ཅིང་དཔུང་པ་འཕུར་བཞིན་གྲམ་པའི་སྒང་ལ་མ་རྒྱུགས་ཞེས་པའི་དཔེ་ལྟར་ཆུ་མ་དང་། སྣུམ་ཞིང་། ནང་ཞིང་། གཤོང་ཞིང་སོགས་ནི་ལོ་ཏོག་སྣ་ཚོགས་ཡག་པོར་སྐྱེ་ལ་ས་འགོ་ཡང་བའམ་འབྲས་བུ་སྨིན་སླ་བའི་ཞིང་ཡིན་ཕྱིར་མི་ཚོས་གཙིགས་སུ་འཛིན་པའི་མིང་སྣ་ཚོགས་པ་བཏགས་ཀྱི་ཡོད། དེ་དང་བསྡུར་ན་ཕྱི་ཞིང་དང་། རི་ཞིང་། དབྱར་སློག། སྒང་ཞིང་ཞེས་པ་རྣམས་ནི་ནས་མ་གཏོགས་ལོ་ཏོག་གཞན་མི་སྐྱེ་པའམ། སྐྱེས་ཀྱང་འབྲས་བུ་མང་པོ་མི་སྨིན་པ། སྨིན་པ་རྣམས་ཀྱང་དུས་ཡུན་རིང་པོར་འགོར་བ། ཞོད་ཆེ་ན་ལོ་ཏོག་སོབ་ཅིང་སྲབ་ཏུ་འགྲོ་བ་དང་ཐན་པ་ཡོང་ན་སྐམ་བདེ་བ་སོགས་ལོ་དགྲ་སྣ་ཚོགས་ཀྱིས་གནོད་སླ་བ་ཡིན་པས་ལོགས་སུ་བཀར་བའི་མིང་བཏགས་སོང་། མིང་འདྲ་མིན་སྣ་ཚོགས་བཏགས་པ་ནི་ཞིང་ལ་དབྱེ་བ་དང་ངོས་འཛིན་བྱེད་བདེ་བའི་ཆེད་ཙམ་དུ་མ་ཡིན་གྱི་གཙོ་བོ་སོ་ནམ་བྱེད་པའི་སྐབས་སུ་དུས་སྔ་ཕྱི་དང་ལས་ཀ་བྱེད་ཚུལ་སོགས་ལ་ཁྱད་པར་ཆེན་པོ་ཡོད་པས་ཡིན་ཏེ། ཁྱད་པར་དེ་དག་ནི་མི་རབས་ནས་མི་རབས་སུ་སོ་ནམ་བྱེད་པའི་ལག་ལེན་དངོས་ཀྱི་ཁྲོད་ནས་བསགས་པའི་ཉམས་མྱོང་ཕུལ་དུ་བྱུང་བ་ཤ་སྟག་ཡིན། དཔེར་ན། ཞིང་པ་ཚོས་དཔྱིད་རྨོས་སྐབས་སུ་ཐོག་མར་ཕྱི་ཞིང་རྣམས་རྨོས། དེ་ནས་རེ་ཞིག་བར་གྱི་བྱ་བ་ཙག་ཙིག་རྣམས་བསྒྲུབས། དེ་རྗེས་ནང་ཞིང་རྣམས་རྨོ་བ་དང་། སྟོན་ཀར་ལོ་ཐོག་བསྡུས་བའི་དུས་སུ་ནང་ཞིང་གི་ལོ་ཐོག་དང་པོར་བརྔ། ཕྱི་ཞིང་གི་ལོ་ཐོག་མཐའ་མར་ལེན་པ་དང་། རྡོ་ཞིང་ནི་ཞིང་གཞན་རྣམས་ལས་འབྲས་བུ་སྨིན་སྔ་ཤོས་དེ་ཡིན་པས་རྨོས་སྔར་སོང་ན་ལོ་ཏོག་སྲབ་པ་དང་། ལུས་ཚད་ཐུང་བ། གྲ་སྐྱ་ཕོག་པ། སྙེ་མ་ཆུང་བ་སོགས་སུ་འགྱུར་པས་ཆེས་མཐའ་མར་རྨོ་བ་ལྟ་བུ། གཞན་ད་དུང་གནས་སྐབས་ཀྱི་སྤྱོད་སྒོ་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་བརྟེན་ནས་ཞིང་ལ་དབྱེ་བ་འབྱེད་ཚུལ་ཡང་ཡོད་པ་སྟེ། དཔེར་ན། ནས་གདབ་སྐབས་ནས་ཞིང་དང་། སྲན་མ་གདབ་སྐབས་སྲན་ཞིང་། གྲོ་གདབ་ས་ལ་གྲོ་ཞིང་། སྔོ་ཚལ་གདབ་ས་ལ་ཚལ་ཞིང་། རྩྭ་གདབ་ས་ལ་རྩྭ་ཞིང་སོགས་གནས་སྐབས་གང་ལ་བེད་སྤྱོད་པ་དེ་ལ་དེའི་མིང་བཏགས་པ་ལྟ་བུ་དང་། ཁ་སྲིབ་ལ་ཕྱོགས་པ་ལ་སྲིབ་ཞིང་དང་ཉིན་ལ་འཁོར་བ་ལ་ཉིན་ཞིང་སོགས་ཁ་ཕྱོགས་ལ་བརྟེན་ནས་བཏགས་པ་ལྟ་བུ་དང་། ས་ཕྱོགས་འགའ་ན་ཞིང་ལ་ལོ་ཏོག་སྨིན་སྔ་ཕྱིར་བརྟེན་ནས་དཔྱིད་རྨོད་སྔ་ཕྱི་བར་གསུམ་ཕྱེ་སྟེ། རྨོད་མཁན་གྱི་ཟས་སུ་སྔ་རྨོད་སྐབས་ལ་ཕག་དང་ཟོག་གི་མགོ་གདུས་པ་དང་། བར་རྨོད་ལ་ཤ་བཙོས་པ། ཕྱི་རྨོད་ལ་ཆང་བསྙལ་བ་བཅས་བྱེད་སྲོལ་ཡོད་པ་ལྟར་ཞིང་གི་མིང་ལའང་འགོ་ཞིང་དང་། ཤ་ཞིང་། ཆང་ཞིང་ཞེས་པ་དང་། ས་བོན་བཏབ་ནས་ཞག་མ་བརྒྱད་ཅུར་སྨིན་ཐུབ་པའི་ཞིང་ལ་ཞག་མ་བརྒྱད་ཅུ་ཞེས་བཏགས་པ་ལྟ་བུ། དུས་ཅུང་སྔ་མའི་སྐབས་སུ་ས་ཆ་ལ་ལ་ན་ནང་ཞིང་ཁྲོད་དུ་བཙའ་ཞིང་ངམ་འཛེམ་ཞིང་ཞེས་པ་ཞིག་ཡོད་ཅིང་། ཞིང་དེ་རྨོད་བའི་དུས་དམིགས་བསལ་དུ་བསང་གཏོང་སྨོན་ལམ་འདེབས་པ་དང་། ཤ་མར་སོགས་ཟས་ཞིམ་པོ་སྣ་ཚོགས་ཁྱེར་ནས་རྟེན་འབྲེལ་བསྒྲུབ་དགོས་པར་མ་ཟད། གལ་ཏེ་འཛེམ་ཞིང་རྨོད་པའི་སྒང་ལ་མགྲོན་པོ་བྱུང་ན་ཞིང་དེ་ཉིད་རྨོས་ཚར་རྗེས་མ་གཏོགས་ཕྱིར་མི་བཏང་བའི་སྲོལ་ཡོད་པ་ལྟ་བུ། དེ་དག་ནི་ཞིང་སྤྱི་ལ་དབྱེ་བའི་སྤྱི་མིང་ཡིན་གྱི། བྱེ་བྲག་ཏུ་མི་རེ་ལ་མིང་རེ་ཡོད་པ་ཇི་བཞིན་དུ་དུད་ཚང་སོ་སོའི་ས་ཞིང་དུམ་བུ་རེ་རེ་ལའང་འདྲ་འབྲེལ་རྒྱུ་མཚན་ཅན་གྱི་མིང་རེ་བཏགས་མེད་པ་མེད་དོ།།

ས་ཞིང་ལ་དེང་སང་མིའི་ལག་རྩལ་ལ་བརྟེན་ནས་བལྟས་ན། སྤྱིར་བཏང་ས་ཞིང་ནི་གཙོ་བོ་ས་ཞིང་གི་འཐས་གཟུགས་ཏེ་གཏེར་རྒྱུ(矿物质)དང་སྐྱེ་ལྡན་རྫས་བཅུད།(有机质) ས་ཞིང་གི་དབུགས་གཟུགས་ཏེ་མཁའ་རླུང་། ས་ཞིང་གི་གཤེར་གཟུགས་ཏེ་ཆུ་བཅས་གསུམ་གྱིས་གྲུབ་ཅིང་། རྩི་ཤིང་ལོ་ཏོག་བསྐྱེད་རུང་བའི་སའི་གཏོས་ནི་ཕྱེད་ཀ་གཏེར་རྒྱུ་དང་སྐྱེ་ལྡན་དངོས་པོའི་ཆ་ཡི་འཐས་གཟུགས་དང་། ཕྱེད་ཀ་འཐས་གཟུགས་ཀྱི་རྡུལ་ཕྲན་རྡོག་པོའི་བར་གྱི་ཆུ་དང་རླུང་གིས་གང་བའི་བར་སྟོང་གཉིས་ཀྱིས་གྲུབ་པ་ཡིན།

དེ་ལས་དང་པོ་གཏེར་རྒྱུའི་ཆ་ནས་བཤད་ན། གཏེར་རྒྱུ་ཞེས་པ་ནི་ས་ཞིང་དུ་འདུས་ཡོད་པའི་གཏེར་དངོས་རིགས་སྣ་ཚོགས་ཀྱི་མིང་སྟེ། ས་ཞིང་གི་གྲུབ་ཆ་གཙོ་བོ་ཡིན་ཞིང་སའི་རུས་པ་ལྟ་བུར་གྱུར་ཡོད། ས་ཞིང་གི་འཐས་གཟུགས་ཁག་གི་སྤུས་ཚད་ཀྱི་བརྒྱ་ཆ་གོ་ལྔ་ནས་གོ་བརྒྱད་བར་ནི་གཏེར་རྒྱུ་ཡིན། གཏེར་རྒྱུ་ལ་རྩིང་ཞིབ་མི་འདྲ་ཞིང་དབྱིབས་སྣ་ཚོགས་པར་ཡོད་ཅིང་། སའི་ཁྲོད་ཀྱི་གཏེར་རྒྱུ་མང་ཉུང་དང་ཆེ་ཆུང་གྲུབ་ཚུལ་རྣམས་ནི་ས་ཞིང་གི་རྒྱུ་སྤུས་བཟང་ངན་འབྱེད་བྱེད་ཀྱི་ཚད་གཞི་གཟུང་ས་གལ་ཆེན་ཞིག་ཡིན་ལ། ས་ཞིང་གི་གྲུབ་ཚུལ་གྱི་ཁྱད་ཆོས་དང་། རླན་གཤེར་གྱི་ཁྱད་ཆོས། རླུང་རྒྱུའི་ཁྱད་ཆོས། ཚ་བ་རིག་པའི་ཁྱད་ཆོས། ཤུགས་རིག་པའི་ཁྱད་ཆོས། རྨོན་གཤིས་ཀྱི་ཁྱད་ཆོས་བཅས་ཀྱི་དངོས་ལུགས་རང་བཞིན་དང་། ས་ཞིང་གི་འབྱར་ཤུགས་ནུས་པ་དང་། ཕྱི་ངོས་ཀྱི་གསོན་ཤུགས། བུལ་སྐྱུར་ཀྱི་གནས་ཚུལ། རང་སྲུང་གི་བྱེད་ནུས་སོགས་རྫས་འགྱུར་གྱི་རང་བཞིན། ས་ཞིང་གི་སྐྱེ་དངོས་ཕྲ་རབ་དང་། རྩབས་སོགས་སྐྱེ་དངོས་ཀྱི་རང་བཞིན་བཅས་ཚང་མ་ལ་གཏེར་རྒྱུས་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན། གཏེར་རྒྱུའི་རྫས་སྣའི་གྲུབ་ཚུལ་ཐད་ནས་བལྟས་ན། གཏེར་རྒྱུར་ཧ་ལམ་ས་ཤུན་དུ་ཡོད་པའི་གཞི་རྒྱུ་ཚང་མ་འདུས་ཡོད་ཅིང་། གཙོ་བོ་རྫས་སྣ་དབྱང་(O)། སྭེལ(Si)། ཧ་ཡང་(AI)། ལྕགས(Fe)། ཀལ(Ca)། མཱེ(Mg)། ནཱ (Na) །ཅཱ(K)། ཐེ (Ti) ། ཐཱན(C)བཅས་ཡིན། དེ་བཅུ་པོས་ས་ཞིང་གི་གཏེར་རྒྱུའི་སྤུས་ཚད་སྤྱིའི་བརྒྱ་ཆ་གོ་དགུའི་ཡན་ལ་ཟིན་ལ། དེ་དག་ལས་ཆེས་མང་བ་ནི་དབྱང་དང་། སྭེལ། ཧ་ཡང་། ལྕགས་རྣམས་ཡིན། ས་ཞིང་གི་འཐས་གཟུགས་རྡོག་པོའི་གྲུབ་སྟངས་ལ། སྤྱིར་བཏང་ས་རྡུལ་རྡོག་པོའི་ཚངས་ཐིག་རིང་ཐུང་ལྟར་རྡོ་ཧྲུག་གམ་རྡོ་ཞིབ། བྱེ་རྡུལ། བྱེ་རྡུལ་ཕྱེ་མ། ས་ཚི་ཅན་བཅས་རིམ་པ་བཞིར་ཕྱེ་ལ། སོ་སོའི་ཆེ་ཆུང་ལ་རྒྱལ་ཕྱི་ནང་གི་དབྱེ་ཚུལ་ཅུང་མི་འདྲ་ཡོད་ཀྱང་ཕལ་ཆེར་ཁྱད་པར་ཆེན་པོ་མེད། དཔེར་ན་སྔོན་ཆད་སུའུ་ལེན་སྐབས་སུ་ཚངས་ཐིག་ཧའོ་སྨི་གཅིག་ལ་རྡུལ་ཕྲན་རྡོག་པོའི་ཆེ་མཐའ་དང་། ཚངས་ཐིག་ཧའོ་སྨི་སྟོང་ཆ་གཅིག་ལ་རྡུལ་ཕྲན་རྡོག་པོའི་ཆུང་མཐར་བྱས་ནས་ཧའོ་སྨི་གཅིག་ལས་ཆེ་བ་ལ་རྡོ་ཧྲུག་དང་། ཧའོ་སྨི་གཅིག་ནས་བརྒྱ་ཆའི་གཅིག་གི་བར་ལ་བྱེ་རྡུལ། བརྒྱ་ཆའི་གཅིག་ལས་ཆུང་བ་ལ་ས་ཚི་ཅན་ཏེ། དེ་དག་རེ་རེ་ལའང་མུ་མཐུད་དེ་རབ་འབྲིང་ཐ་གསུམ་རེ་ཕྱེ་ཡོད་པ་ལྟ་བུ། ས་རྡུལ་རྡོག་པོའི་ཆེ་ཆུང་རིམ་པ་མ་འདྲ་ན་གྲུབ་ཆའི་གཏེར་རྒྱུ་མི་འདྲ་སྟེ། དཔེར་ན་བྱེ་རྡུལ་དང་བྱེ་རྡུལ་ཕྱེ་མའི་གཏེར་རྒྱུ་གཙོ་བོ་དཀར་གོང་དང་། ས་ཚི་ཅན་གྱི་གཏེར་རྒྱུ་ལ་ལྕགས་དང་ཅཱ་དང་ཀལ་སོགས་ཡོད་པ་ལྟ་བུ། ས་རྡུལ་རྡོག་ཕྲན་རིམ་པ་མི་འདྲ་བ་སོ་སོ་ལ་ཁྱད་ཆོས་མི་འདྲ་བ་ཡོད་ཅིང་སོ་སོའི་ས་ཞིང་གི་རྩི་ཤིང་ལོ་ཏོག་གི་འཚོ་བཅུད་ནུས་པ་ལ་བཏོན་པའི་ནུས་པ་ཡང་མི་འདྲ། དཔེར་ན། རྡོ་ཧྲུག་ལ་རྡོག་པོའི་རིམ་པ་ཆེ་ཞིང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་འགོག་ཐུབ་པ་དང་། འཚོ་བཅུད་འཕྲོ་དལ་བ། དབྱིབས་བསྒྱུར་ཐུབ་པའི་རང་བཞིན་མེད་པ། འབྱར་ཚི་མེད་པ། བོངས་ཚད་འཁུམ་སྦོས་བྱ་རྒྱུ་མེད་པ། ཕན་ཐོགས་ཡོད་པའི་འཚོ་བཅུད་ཤིན་ཏུ་དཀོན་པ་སོགས་ཀྱི་ཁྱད་ཆོས་ལྡན་ལ། ས་ཚི་ཅན་ལ་རྡུལ་ཕྲན་ཤིན་ཏུ་ཕྲ་ཞིང་ཆུང་ལ་རྡུལ་ཕྲན་བར་གྱི་བར་སྟོང་ཧ་ཅང་ཆུང་བ་དང་། ཆུས་སྦོས་ཤིང་བུ་ག་འཚང་སླ་བས་ས་ཞིང་གི་རླན་གཤེར་འགུལ་སྐྱོད་དལ་བ། དབྱིབས་བསྒྱུར་སླ་ཞིང་འབྱར་བདེ་བ། བསྐམས་དུས་སྲ་ལ་རླན་དུས་སྦོས་པ། ཆུ་ལུད་འཛིན་པའི་ནུས་པ་ཆེ་ཞིང་འཚོ་བཅུད་གཞི་རྒྱུའི་རྣམ་གྲངས་མང་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་དང་། རྡུལ་ཕྲན་ཕྱེ་མའི་ཁྱད་ཆོས་ནི་དེ་གཉིས་ཀྱི་བར་དུ་ཡོད་པ་ལྟ་བུ། ས་ཞིང་ཐམས་ཅད་ཚངས་ཐིག་ཆེ་ཆུང་མི་འདྲ་བའི་ས་རྡུལ་རྡོག་པོ་སྣ་ཚོགས་པས་གྲུབ་པ་སྟེ་ས་རྡོག་ཆེ་ཆུང་རིམ་པ་གཅིག་ཁོ་ནས་གྲུབ་པའི་ས་ཞིང་ཞིག་ཡོད་མི་སྲིད། དེར་མ་ཟད་ས་རྡུལ་རྡོག་པོའི་ཆེ་ཆུང་རིམ་པ་སོ་སོའི་མང་ཉུང་ཡང་མི་འདྲ་བ་སྟེ་རིམ་པ་གཅིག་གཉིས་ཤིག་འདུས་མང་བའམ་ཤུགས་རྐྱེན་གཙོ་བོ་འདོན་བཞིན་ཡོད་པས་ས་ཞིང་ལས་ས་རྡོག་གི་ཁྱད་ཆོས་མི་འདྲ་བ་མངོན་བཞིན་ཡོད། ས་ཞིང་ཁྲོད་དུ་ས་རྡུལ་ཆེ་ཆུང་རིམ་པ་སོ་སོ་འདུས་པའི་བརྒྱ་ཆ་ཁ་གྲངས་ལ་ས་ཞིང་གི་རྒྱུ་སྤུས་ཟེར། ས་ཞིང་གི་རྒྱུ་སྤུས་ལྟར་དབྱེ་ན། ས་ཞིང་ལ་བྱེ་ས་དང་། གཤིན་ས། ས་ཚི་ཅན་བཅས་གསུམ་དུ་ཕྱེ་ཆོག། དེའི་ཞིབ་ཕྲའི་དབྱེ་སྟངས་ལ་རྒྱལ་སྤྱིའི་ཐོག་ཏུ་ཅུང་མི་འདྲ་བ་འགའ་ཡོད་ཅིང་། རང་རྒྱལ་གྱིས་བྱེ་ས་ལ་ཚངས་ཐིག་ཧའོ་སྨི་གཅིག་ནས་ཐིག་ཚེག་ཐིག་ལྔ(༡—༠·༠༥㎜)ཡི་བར་གྱི་བྱེ་རྡུལ་བརྒྱ་ཆ་བརྒྱད་ཅུ་ལས་མང་ན་བྱེ་ས་དྲག་པོ་དང་། བརྒྱ་ཆ་བདུན་ཅུ་ནས་བརྒྱད་བཅུའི་བར་ལ་ཡོད་ན་བྱེ་མ་མང་བའི་ས། བརྒྱ་ཆ་དྲུག་ཅུ་ནས་བདུན་ཅུའི་བར་ལ་བྱེ་མ་འབྲིང་གི་ས། བརྒྱ་ཆ་ལྔ་བཅུ་ནས་དྲུག་ཅུ་ལ་བྱེ་མ་ཉུང་བའི་ས་བཅས་རིམ་པ་བཞི་དང་། གཤིན་ས་ལ་བྱེ་རྡུལ(ཚངས་ཐིག༡—༠·༠༥㎜) བརྒྱ་ཆ་ཉི་ཤུའམ་དེ་ལས་མང་བ་དང་ཕྱེ་རྡུལ་རྩིང་པོ(ཚངས་ཐིག༠·༠༥—༠·༠༡㎜)བརྒྱ་ཆ་བཞི་བཅུ་ལས་མང་བ། ཚི་རྡུལ་ཞིབ་མོ(ཚངས་ཐིག ༠·༠༠༡㎜)བརྒྱ་ཆ་སུམ་ཅུ་ལས་ཉུང་བ་བཅས་འདུས་པ་ལ་བྱེ་ས་ཕྱེ་མ་དང་། བྱེ་རྡུལ་བརྒྱ་ཆ་ཉི་ཤུའམ་དེ་ལས་ཉུང་ཞིང་ཕྱེ་རྡུལ་རྩིང་པོ་བརྒྱ་ཆ་བཞི་བཅུ་ལས་མང་བ་འདུས་པ་ལ་ས་ཕྱེ་ཞིབ་མོ། བྱེ་རྡུལ་བརྒྱ་ཆ་ཉི་ཤུའམ་དེ་ལས་མང་བ་དང་ཕྱེ་རྡུལ་རྩིང་པོ་བརྒྱ་ཆ་བཞི་བཅུ་ལས་ཉུང་བ་འདུས་པ་ལ་བྱེ་ས་གཤིན་པ། བྱེ་རྡུལ་བརྒྱ་ཆ་ཉི་ཤུའམ་དེ་ལས་ཉུང་ཞིང་ཕྱེ་རྡུལ་རྩིང་པོ་བརྒྱ་ཆ་བཞི་བཅུ་ལས་ཉུང་བ་འདུས་པ་ལ་གཤིན་ས་བཅས་རིམ་པ་བཞི། ས་ཚི་ཅན་ལ་ཚི་རྡུལ་ཞིབ་མོ(ཚངས་ཐིག ༠·༠༠༡㎜)བརྒྱ་ཆ་སུམ་ཅུ་ནས་སོ་ལྔ་འདུས་པ་ལ་ས་ཚི་ཅན་ཕྱེ་མ་དང་། བརྒྱ་ཆ་སོ་ལྔ་ནས་བཞི་བཅུ་འདུས་པ་ལ་ས་ཚི་འབྲིང་ཅན། བརྒྱ་ཆ་བཞི་བཅུ་ནས་དྲུག་ཅུ་བར་འདུས་པ་ལ་ས་ཚི་དྲག་པོ་ཅན། བརྒྱ་ཆ་དྲུག་ཅུའི་ཡན་འདུས་པ་ལ་ས་ཚི་ཤིན་ཏུ་དྲག་པོ་ཅན་བཅས་རིམ་པ་བཞིར་ཕྱེ་ཡོད། གཞན་རྡོ་ཧྲུག(ཚངས་ཐིག༣—༡㎜)བརྒྱ་ཆ་གཅིག་མ་ཟིན་པ་ལ་རྡོ་ཧྲུག་མེད་པའི་ཞིང་དང་། བརྒྱ་ཆ་བཅུ་ཡི་མན་ཆད་མ་གཏོགས་འདུས་མེད་པ་ལ་རྡོ་ཧྲུག་ཅན་གྱི་ཞིང་། བརྒྱ་ཆ་བཅུ་ལས་མང་བ་ལ་རྡོ་ཧྲུག་མང་པའི་ཞིང་ལ་རྩི་བཞིན་ཡོད། བྱེ་སའི་རིགས་སུ་གཏོགས་པའི་ཞིང་ནི། བྱེ་རྡུལ་མང་བ་དང་། བསྡུར་པའི་ཕྱི་ངོས་རྒྱ་ཁྱོན(དངོས་པོ་ཁེ་གང་རེའི་ནང་དུ་འདུས་པའི་རྡུལ་ཕྲན་རྡོག་པོ་ཡོད་ཚད་ཀྱི་ཕྱི་ངོས་རྒྱ་ཁྱོན་གྱི་འབོར་བསྡོམས)ཆུང་བ། ས་བུག་ཆེན་པོ་མང་ཞིང་། དེའི་སྲུབས་སུ་ཆུ་རླུང་རྒྱུ་སླ་བས་ས་ཞིང་སྐེམ་བདེ་བ་དང་ཐན་པས་གནོད་སླ་བ། ས་འོག་གི་ཆུ་ཡིས་ས་ངོས་རིམ་པ་ལ་ཕན་ཐོགས་འབྱུང་མི་ཐུབ་པ། ལུད་སྲུང་བའི་ནུས་པ་ཞན་ཞིང་ལུད་བཅུད་ཆར་ཆུས་དེད་བདེ་བ། ལུད་ཀྱི་ཕན་ཐོགས་ཉམས་སླ་བ། ས་ཡི་བུག་སྲུབས་སུ་རླུང་ལེགས་པར་རྒྱུ་པས་རླུང་ལ་དགའ་བའི་སྐྱེ་དངོས་

ཕྲ་མོའི་རིགས་རྣམས་འགུལ་སྤྱོད་དྲག་པོ་བྱེད་ཅིང་སྐྱེ་ལྡན་གྱི་རྫས་ཆ་རྣམས་དབྱེ་ཕྲལ་བྱེད་མགྱོགས་པ་དང་། འཚོ་བཅུད་ནུས་པ་ཐོན་སླ་བ་བཅས་ཀྱིས་ལོ་ཏོག་མྱུ་གུ་འབུ་བདེ་བ་ཡོད་ཀྱང་། སྐྱེ་ལྡན་རྫས་བཅུད་གསོག་འཇོག་བྱེད་དཀའ་བས་ས་ཚི་ཅན་གྱི་རིགས་ལས་ཉུང་བ་སོགས་ཀྱི་ཁྱད་ཆོས་ཡོད་པས། མ་རྨོ་གོང་གི་འོག་ལུད་ཙམ་ལས་ཁ་ལུད་མ་བཀྲམ་ན་མྱུ་གུ་ལྗང་ངུའི་སྐབས་སྐྱེ་སྟོབས་བཟང་ཡང་ཆེ་ཞིང་ཆེ་ལ་སྐྱེ་སྟོབས་ཇེ་སྡུག་ཏུ་འགྲོ་ཉེན་ཆེ་བ་རེད། དེ་བས་འོག་ལུད་ཙམ་གྱིས་མི་ཚད་ལོ་ཏོག་སྐྱེ་བཞིན་པའི་སྐབས་སུ་ཡང་ལུད་ཁ་གསབ་ཏུ་བཀྲམ་ན་བཟང་ལ་འགྲེམ་སྟངས་ཀྱང་ཉུང་ཉུང་འོར་མ་མང་པོ་བཀྲམ་ན་ཕན་ཐོགས་ཆེ། དེ་བཞིན་ཆུའི་འདུས་ཚད་དམའ་བ་དང་། དྲོད་ཚད་གསོག་དཀའ་ཞིང་དབྱིབས་བསྒྱུར་བདེ་བ། ཉིན་མཚན་བར་དུ་དྲོད་གྲང་འགྱུར་ལྡོག་ཆེ་བ་དང་། དཔྱིད་འགོར་དྲོད་སོས་བདེ་ཞིང་སྟོན་མཇུག་ལ་གྲང་འཕར་བདེ་བ་བཅས་ཀྱི་ཁྱད་ཆོས་ཡོད་པ་དེས་གྲོ་ལྟ་བུ་གྲང་ངར་མི་བཟོད་པའི་འབྲུ་རིགས་འཁེངས་སླ་བ་དང་བ་ཐག་ལ་འབྲས་བུ་ཆགས་པའི་ལོ་ཏོག་རིགས་རྣམས་བཅུད་གསོག་བདེ་བ། ད་དུང་ས་ཚགས་ལྷོད་པས་རྨོ་མཐིལ(རྨོ་རན་པའི་སྒང་)ཡུན་རིང་བ་དང་རྨོས་རྗེས་སྤོ་ཐོ་དང་སྲ་མཁྲེགས་ཅན་གྱི་ས་རྡོག་ཧྲོབ་ཧྲོབ་ཏུ་མི་ཆགས་པ་ཡིན། མདོར་བསྡུས་ན་བྱེ་སའི་ཞིང་ལ་བཅུད་དཀོན་པ་དང་། ཆུ་ལུད་སྲུང་བའི་ནུས་པ་ཞན་ཞིང་བཞུར་བདེ་བ། སའི་དྲོད་ཚད་འགྱུར་ལྡོག་ཆེ་བ། རྨོ་བདེ་བ་བཅས་ཀྱི་ཁྱད་ཆོས་ཡོད། ས་ཚི་ཅན་གྱི་རིགས་སུ་གཏོགས་པའི་ཞིང་ནི། ས་ལ་འབྱར་ཚི་ལྡན་ཞིང་ཚི་རྡུལ་མང་བས། གཏེར་རྒྱུའི་བཅུད་འབེལ་ལ། ཁྱད་པར་དུ་ཅཱ་དང་ཀལ་མཱེ་སོགས་ཚི་རྡུལ་གྲངས་ཀ་དང་མཉམ་པ། ས་བཅུད་འཕྲོ་བརླག་འགྲོ་དཀའ་བ་དང་། བསྡུར་པའི་ཕྱི་ངོས་རྒྱ་ཁྱོན་ཆེ་ཞིང་། ས་བུག་ཆེན་པོ་ཉུང་ཞིང་ཆུང་ངུ་མང་པ། ས་བུག་ཏུ་ཆུ་དང་རླུང་ཐར་དཀའ་བ་བཅས་ཀྱི་དབང་གིས་རླུང་ལ་དགའ་བའི་སྐྱེ་དངོས་ཕྲ་མོ་རྣམས་འགུལ་སྐྱོད་དཀའ་བ་དང་། སྐྱེ་ལྡན་རྫས་བཅུད་དབྱེ་ཕྲལ་བྱེད་པ་དལ་ཞིང་གསོག་འཇོག་བདེ་པས་བྱེ་ས་ལས་མང་བ། ལུད་ཀྱི་ནུས་པ་ཡུན་རིང་བརྟན་པོ་ཐོན་ཞིང་མཇུག་ཏུ་ནུས་པ་ཇེ་ཆེར་འགྱུར་སྲིད། རླན་གཤེར་སྲུང་བའི་ནུས་པ་ཆེ་ཞིང་ཆུ་འདུས་མང་པ། དྲོད་ཚད་མཐོ་བ། དྲོད་ཚད་འགྱུར་ལྡོག་འགྲོ་དཀའ་བ། ཉིན་མཚན་བར་གྱི་དྲོད་གྲང་ཧེ་བག་ཆུང་བ། དཔྱིད་འགོར་སའི་དྲོད་ཚད་འཕར་དཀའ་ཞིང་སྟོན་མཇུག་སའི་དྲོད་ཚད་འགྲིབ་དཀའ་བ་སོགས་ཀྱི་ཁྱད་ཆོས་ཡོད་པས། སྤྱིར་ན་ལོ་ཏོག་འཁེངས་དཀའ་ལ་ཁེངས་སོང་ན་བསྐྱར་དུ་སོས་མི་ཐུབ་པ་དང་། མྱུ་གུའི་དུས་སུ་དྲོད་ཚད་དང་དབྱང་དང་བཅུད་རྣམས་མི་འདང་བས་ཆེ་དཀའ་བ། སྟོབས་ཞན་པ། ལུས་ཐུང་བ། མདོག་སེར་པོ་སོགས་ལ་འགྱུར་ཉེན་ཡོད་པ་དང་། རྗེས་མར་ལུད་དང་ཆུ་དང་བཅུད་རྣམས་ཕྱུག་པས་ཆེན་པོའི་སྐབས་སུ་བོགས་བཟང་བ། ལུས་སྟོབས་ཆེ་བ། འབྲུ་རྡོ་ལྕི་བ་སོགས་ཡུལ་འདིའི་ཞིང་པ་ཚོས་ལོ་ཏོག་ཕྱིས་འཕྲོས་རྒྱག་ཅེས་བརྗོད་པའི་ཧོབ་ཏུ་ཚ་སྐྱེས་སུ་འགྱུར་པའི་གནས་ཚུལ་འབྱུང་བ་ཡིན། འོན་ཀྱང་རློན་ན་འདམ་མྱགས་དང་བསྐམས་ན་སྲ་མཁྲེགས་ཅན་དུ་འགྱུར་བ་དང་། རྨོ་དཀའ་བ། རྨོ་མཐིལ་ཡུན་ཐུང་བ། ཤེད་ཤུགས་ཆུང་བའི་རིགས་ཀྱི་ས་བོན་མྱུ་གུ་ས་སྟེང་དུ་འབུད་དཀའ་བས་མྱུ་གུ་འབུ་འཕྱི་པའམ་མི་འབུ་པར་འགྱུར་ཉེན་ཆེ་བ་སོགས་ཀྱི་མི་འདང་སའང་ཡོད་པས་ས་ཚི་ཅན་གྱི་ཞིང་ལ་རྨོ་མཐིལ་ལེགས་པར་འཕྲད་པ་དང་རྨོ་སྟངས་སྤུས་ཀ་བཟང་བ་ནི་ཞིང་གཞན་པ་ཀུན་ལས་ཀྱང་ཤིན་ཏུ་གལ་ཆེ་བ་ཡིན། མདོར་ན་ཞིང་འདིའི་རིགས་ལ་བཅུད་འབེལ་ཞིང་། ལུད་སྲུང་བའི་ནུས་པ་ཆེ་ལ། ཆུ་ཁོག་ལ་སིམ་དཀའ་བ། སའི་དྲོད་ཚད་འགྱུར་ལྡོག་མི་ཆེ་བ། རྨོ་དཀའ་བ། མྱུ་གུ་ཆེན་པོ་སྐྱེ་བདེ་ལ་ཆུང་ངུ་འབུད་དཀའ་བ་སོགས་ཀྱི་ཁྱད་ཆོས་ཡོད་པས། གྲོའི་རིགས་དང་སྲན་མའི་རིགས་སོགས་སྐྱེ་ཡུན་རིང་པོ་དང་ལུད་མང་དགོས་པའི་ལོ་ཏོག་གདབ་ས་བཟང་པོ་ཡིན། གཤིན་སའི་རིགས་སུ་གཏོགས་པའི་ཞིང་ལ་ནི། བྱེ་ས་དང་ས་ཚི་ཅན་གཉིས་ཀའི་ལེགས་ཆ་རྣམས་འཛོམས་ཤིང་སྐྱོན་ཆ་དག་བྲལ་བས་ཞིང་ལས་ཐོན་སྐྱེད་དུ་ས་ཞིང་རྒྱུ་སྤུས་ཆེས་བཟང་བ་དང་ཞིང་པས་ཆེས་དགའ་བསུ་བྱེད་པའི་ཞིང་སྟེ། བྱེ་མ་དང་འབྱར་ཚི་རྣམས་འདུས་ཚད་རན་ཞིང་བུ་ག་ཆེ་ཆུང་གཉིས་ཀ་མང་ཉུང་འཚམས་པས་ཆུ་དང་མཁའ་དབུགས་རྒྱུ་ཚད་བཟང་བ། ལུད་བཅུད་སྲུང་བའི་ནུས་པ་ཆེ་བ། རླན་བཞའ་འཚམས་པ། སའི་དྲོད་ཚད་བརྟན་པ། མི་འབྱར་བ། རྨོ་མཐིལ་ཡུན་རིང་ཞིང་རྨོ་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་ལོ་ཏོག་སྣ་ཚོགས་གདབ་ཆོག་པ་དང་མྱུ་གུ་སྟོབས་ཆེ་ཆུང་ཚང་མ་འབུད་ཐུབ་པ་ཡིན།། ༼ མུ་འགོད། ༽