རླན་གཤེར་ཆར་གྱི་འབྱམས་ཀླས་གངས་དང་ཁ་
བ་གྱུར་སོང་། །
རི་ཚོགས་ལྗང་མདོག་མོད་པོ་སྐྱ་བམ་སྔོ་བམ་
འདི་རེད། །
ནེའུ་གསེང་བུང་བའི་དབྱངས་སྙན་འཇག་སྐྱའི་
ཤུགས་གླུས་བཅོམ་སོང་། །
གྲེ་འགྱུའི་ཡི་ག་བོར་བའི་ཁུ་བྱུག་མོན་ལ་
ཆས་རན། །
དྭངས་བསིལ་མཚོ་མོའི་འགྲམ་ངོགས་དར་གྱིས་
ཟ་ཟུར་སྟུངས་པ། །
ངང་པ་ཁྱོ་ཤུག་བསྡེབས་ཏེ་རྒྱལ་ཁམས་བསྐོར་
དགོས་ལོས་ཡིན། །
དམར་སེར་ཉི་མའི་མདངས་ལྡན་སྐལ་མ་མེ་ཏོག་
དེ་ཡང་། །
ཞེ་ཡི་སྨྲེང་བ་སྐྱོམ་པའི་ཨ་སྤུ་བྱེའུ་སྤུ་སོང་བཞག །
དགུན་ཟླའི་བསུ་མ་ཡིན་འདྲའི་བུ་ཡུག་དལ་
བུར་འཚུབས་ཏེ། །
སྣང་བའི་ཁ་ཚོན་ཡིན་ལྟར་གནམ་ངོ་ཤིན་ཏུ་
སྒྲིབ་ཀྱི། །
སོ་ནམ་སྟོན་གྱི་དུས་ཚིགས་མི་ཚོགས་ལས་ལ་
བྲེལ་སོང་། །
ང་ནི་བྲེལ་རྒྱུ་མི་འདུག་དལ་ཡང་དལ་རྒྱུ་མི་འདུག །
ཚོར་འདུའི་འགྱུར་བག་སྐྱེན་པའི་གཞོན་རབས་མྱ་
ངན་པ་ཡིས། །
སྣང་བ་རྒྱ་ཡན་གྱུར་པའི་ཉམ་ཞན་རྨི་ལམ་
རྨིས་ཞོར། །
ཉི་ནུབ་བྱ་ཁྱུའི་གཤོག་སྣེ་ཤར་ལྷོར་གཏོད་པའི་
རྗེས་ལ། །
ཡིད་ཀྱི་སྨོན་པ་ལྟ་བུ་ཁོག་འཛུམ་ལན་གཅིག་
ཐལ་སོང་། །
མུན་པས་རྐང་འཇབ་ལག་འཇབ་ང་ཡི་ས་
ཆེན་གཡོགས་དུས། །
ཟླ་གཞོན་འཛུམ་པའི་ལང་ཚོ་ཤར་རིའི་ཕྲག་ནས་
མ་མངོན། །
སྟོན་ནམ་རིང་མོའི་སྒལ་གཞུང་སུན་སྣང་སྤུ་
གྲིས་གཤགས་ཏེ། །
སང་ཞོགས་གསོན་པའི་རེ་སྤོབས་སྐར་མ་འོད་
ཆེན་བཅོལ་ཡོད། །
སེར་མདོག་དོད་པའི་སྡོང་ལོས་མཇུག་མཐའི་སྨྲེ་
ངག་འདོན་གྱིན། །
རླུང་གཡུག་ལན་གཅིག་ཁྲོད་དུ་སག་སག་ས་རུ་
ལྷུངས་སོང་། །
སྣ་ཚོགས་ཡུལ་གྱི་བཀོད་པ་མིག་ལྡེབ་ཡུད་ཀྱིས་
འགྱུར་ཚེ། །
དྭངས་གཙང་འདུན་པའི་རེ་སྨོན་ཉམ་ཐག་ཡིན་པ་
ཤེས་བྱུང་། །
སྐྱེ་འཆིའི་ལམ་ཁ་ཧྲིལ་པོ་ངན་གཡོ་གཟེར་མས་
ཁེངས་འདུག །
བདེན་དོན་དབུལ་པོའི་ཞབས་ཟུང་ཚུགས་ཀྱིས་
ཕོངས་པ་ཡིན་འགྲོ། །
སྲོད་ཀྱི་ཁྱི་གུ་ཁེར་ཟུག་སྟོན་མཇུག་སྨྲེང་བ་
ལྡོམ་པོ། །
ལྷན་གཅིག་བསྡེབས་པ་མ་དགོས་བློས་བསླངས་སོ་
སོས་བསྐྲུན་ཡོད། །
༼ རྒུན་ཆང་།༽