《ཁམས་པའི་འཛུམ་མདངས》འདོན་ཐེངས་བཞི་བརྒྱ་ཞེ་གཅིག་པའི་པར་ངོས་གཉིས་པའི་འཕྲོར་མཐུད།གཉིས་པ་སྐྱེ་ལྡན་རྫས་བཅུད་ཀྱི་ཆ་ནས་བལྟས་ན། ས་ཞིང་གི་འཐས་གཟུགས་ཀྱི་གྲུབ་ཆ་ལ་གཏེར་རྒྱུ་ལས་གཞན་ས་ཞིང་གི་སྐྱེ་ལྡན་རྫས་བཅུད་འདུས་ཡོད། ས་ཞིང་གི་སྐྱེ་ལྡན་རྫས་བཅུད་ཅེས་པ་ནི་ས་ཞིང་དུ་འདུས་པའི་སྐྱེ་ལྡན་གྱི་དངོས་པོ་ཡོངས་རྫོགས་ལ་ཟེར་ཞིང་། ཞིང་ལ་དེའི་འདུས་ཚད་ཉུང་ཡང་ལོ་ཏོག་སྐྱེ་བ་ལ་ཕན་ཆེན་པོ་ཐོགས་བཞིན་ཡོད། སྤུས་ཚད་ཀྱི་ཆ་ནས་འདུས་ཚད་མང་བ་ལ་བརྒྱ་ཆ་ཉི་ཤུའི་ཡན་ལ་ཟིན་པ་ཡོད་ཅིང་ཉུང་བ་ལ་བརྒྱ་ཆ་ཐིག་ཚེག་ལྔ་ལས་མེད་པའང་ཡོད། སྤྱིར་བཏང་ཞིང་གི་ངོས་ཀྱི་རྨོ་བའི་རིམ་པ་ལ་ཕལ་ཆེར་བརྒྱ་ཆ་གཅིག་ནས་དྲུག་གི་བར་འདུས་ཡོད། སྐྱེ་ལྡན་རྫས་སུ་འཚོ་བཅུད་ཀྱི་གཞི་རྒྱུ་རིགས་སྣ་ཚོགས་འདུས་ཡོད་པར་མ་ཟད། དེ་ནི་ས་ཞིང་ཁྲོད་ཀྱི་སྐྱེ་དངོས་ཕྲ་མོའི་རིགས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ཀྱང་ཡིན། ས་སྤྱིའི་ཁྲོད་དུ་སྐྱེ་ལྡན་རྫས་བཅུད་ཀྱི་ཡོང་ཁུངས་གཙོ་བོ་ནི་ས་དེར་སྐྱེ་པའི་རིམ་པ་མཐོན་པོའི་རྩི་ཤིང་སྔོན་པོའི་ལུས་དང་རྩད་པའི་ཆ། ས་འོག་ཏུ་འཚོ་བའི་སྲོག་ཆགས། སྐྱེ་དངོས་ཕྲ་མོ་རྣམས་ཡིན་ལ། ཞིང་སའི་ཁྲོད་དུ་སྐྱེ་ལྡན་རྫས་བཅུད་ཀྱི་ཡོང་ཁུངས་གཙོ་བོ་ནི་མིས་ལོ་དུས་ལྟར་བཀྲམ་པའི་སྐྱེ་ལྡན་གྱི་ལུད་དང་། ལོ་རེ་རེ་བཞིན་དུ་ཞིང་དུ་ལུས་པའི་ལོ་ཏོག་གི་ཆག་ཧྲུག་དང་། བ་ཐག་དང་བ་ཐག་ལས་ཐོན་པའི་གཤེར་ཁུ། ཞིང་དུ་བཀྲམ་པའི་ལུད་དང་མི་ཕྱུགས་ཀྱི་གཅིན་སྐྱག་སོགས་ཡིན། སྐྱེ་ལྡན་རྫས་བཅུད་རྣམས་ས་ཞིང་ཁྲོད་ཀྱི་གནས་སྟངས་ལ་དབྱེ་ན་སྐྱེ་ལྡན་རྫས་བཅུད་སོ་མ་སྟེ། ཞིང་སར་སླེབས་ནས་ཡུན་རིང་མ་སོང་ཞིང་སྐྱེ་དངོས་ཕྲ་མོས་དབྱེ་ཕྲལ་མ་བྱེད་པར་སྔར་གྱི་སྐྱེ་དངོས་ཁྱད་ཆོས་རྣམས་ད་དུང་རང་སོར་གནས་པའི་སྲོག་ཆགས་དང་རྩི་ཤིང་གི་ཆ་ཤས་རྣམས་དང་། དབྱེ་ཕྲལ་ཕྱེད་ཀར་བྱེད་པའི་སྐྱེ་ལྡན་རྫས་བཅུད་དེ། སྐྱེ་དངོས་ཕྲ་མོས་དབྱེ་ཕྲལ་བྱེད་འགོ་བརྩམས་ཤིང་། སྔར་གྱི་སྐྱེ་དངོས་རང་བཞིན་ལ་འགྱུར་བ་སོང་ཟིན་པའི་སྐྱེ་ལྡན་རྫས་བཅུད་དང་། སྐྱེ་ལྡན་རྫས་བཅུད་རུལ་ཟིན་པ་སྟེ། སྐྱེ་དངོས་ཕྲ་མོས་དབྱེ་ཕྲལ་དང་ཡང་བསྐྱར་སྡེབ་སྦྱོར་བྱས་ཟིན་ཞིང་ས་དང་འདྲེས་ནས་ལག་རྩལ་རགས་པར་བརྟེན་ནས་སོ་སོར་ཕྱེ་མི་ཐུབ་པར་གྱུར་པ་བཅས་རྣམ་པ་མི་འདྲ་བ་གསུམ་ཙམ་ཡོད། དེ་ལས་རུལ་ཟིན་པའི་སྐྱེ་ལྡན་རྫས་བཅུད་ནི་གནས་སྟངས་གཙོ་བོ་ཡིན་ཞིང་སྐྱེ་ལྡན་རྫས་བཅུད་སྤྱིའི་བརྒྱ་ཆ་གྱ་ལྔ་ནས་དགུ་བཅུ་བར་དུ་ཟིན་བཞིན་ཡོད། དེས་ས་ཞིང་གི་དངོས་ལུགས་རང་བཞིན་དང་། རྫས་འགྱུར་རང་བཞིན། སྐྱེ་དངོས་རིག་པའི་རང་བཞིན་ཚང་མ་ལ་བྱེད་ནུས་བཟང་པོ་འདོན་བཞིན་ཡོད།
མི་ཚོས་རྒྱུན་དུ་དེའི་འདུས་མང་ཉུང་ནི་ས་ཞིང་བཟང་ངན་གྱི་ཚད་གཞི་གཙོ་བོ་ཞིག་ལ་བརྩིས། སྐྱེ་ལྡན་རྫས་བཅུད་ཀྱི་གྲུབ་ཆ་ལ་ཐཱན(C)བརྒྱ་ཆ་ལྔ་བཅུའི་ལྷག་དང་། དབྱང(O)བརྒྱ་ཆ་སུམ་ཅུའི་ལྷག། ཆིང(H)བརྒྱ་ཆ་གསུམ་བཞི་ལྷག། ཏན(N)བརྒྱ་ཆ་གསུམ་བཞི་བཅས་དང་། གཞན་ད་དུང་ཀལ། (Ca)མཱེ། (Mg)ཅཱ། (K) ནཱ། (Na) སྭེལ།(Si) ལིན།(P) མུ་སི།(S) ལྕགས།(Fe) ཧ་ཡང་། (Al) མཱན།( Mn)བཅས་དང་། ཏེན། (l) ཏི་ཚ། (Zn)ཚ་ལ། (B) ཧྥུལ།(F)སོགས་ཉུང་ངུ་འདུས་ཡོད། སྐྱེ་ལྡན་རྫས་ཆའི་བྱེད་ནུས་ལ། ཞིང་སའི་རླན་གཤེར་སྲུང་བའི་ནུས་པ་ཇེ་ཆེར་དང་ས་ཆུ་འཕྲོ་བརླག་ཤོར་ཚད་ཇེ་ཉུང་དུ་གཏང་བ་དང་། ལོ་ཏོག་ལ་དགོས་པའི་ནུས་པ་འདོན་པ། ས་ཞིང་གི་གྲུབ་ཚུལ་ཇེ་ལེགས་གཏང་བ། ཞིང་སའི་ལུད་བཅུད་འཛིན་པའི་ནུས་པ་ཇེ་བཟང་དུ་གཏང་བ། འཚོ་བཅུད་ཕན་ཚུན་འགྱུར་ལྡོག་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་ནུས་པ་བཏོན་པར་མ་ཟད། ཁོར་ཡུག་སྲུང་སྐྱོང་དང་ཞིང་སའི་སྦགས་བཙོག་སེལ་བ་སོགས་ལའང་ཕན་ཐོགས་པ་ཡིན། ས་ཞིང་གི་སྐྱེ་ལྡན་རྫས་བཅུད་ཇེ་བཟང་དུ་གཏང་བར་ཞིང་ལ་སྐྱེ་ལྡན་གྱི་ལུད་བཀྲམ་པ་དང་། ཞིང་དབྱར་སློག་ཏུ་བཞག་པ། ལོ་ཏོག་རིགས་མི་འདྲ་བ་བརྗེ་རེས་བྱས་ནས་གདབ་པ་སོགས་ཀྱིས་ཕན།
གསུམ་པ་ས་ཞིང་གི་སྐྱེ་དངོས། ས་ཞིང་ཁྲོད་དུ་སྐྱེ་དངོས་ཀྱི་རིགས་ཤིན་ཏུ་མང་པོ་འཚོ་ཞིང་གནས་ཡོད། དེ་དག་གི་སྤྱི་མིང་ལ་ས་ཞིང་གི་སྐྱེ་དངོས་ཟེར། དེར་ཞིབ་ཏུ་དབྱེ་ན་རིགས་དང་གྲངས་ཀ་ཤིན་ཏུ་མང་ཞིང་ཕྱོགས་བསྡུས་བྱས་ན་ས་ཞིང་གི་སྲོག་ཆགས། ས་ཞིང་གི་རྩི་ཤིང་། ས་ཞིང་གི་སྐྱེ་དངོས་ཕྲ་མོ་བཅས་རིགས་ཆེན་པོ་གསུམ་དུ་འདུས། དེས་ས་ཞིང་གི་སྐྱེ་ལྡན་རྫས་ཆ་སྤྱི་ཡོངས་ཀྱི་བརྒྱ་ཆ་གཅིག་ནས་བརྒྱད་ཀྱི་བར་དུ་ཟིན་ཞིང་ས་ཞིང་གི་འཚར་ལོངས་དང་། གྲུབ་ཚུལ། ལུད་ཤེད་ཆེ་ཆུང་། ལོ་ཏོག་སྐྱེད་སྲིད་སོགས་ཕྱོགས་ཡོངས་ལ་ཕན་ཆེན་པོ་ཐོགས་བཞིན་ཡོད། སྐྱེ་དངོས་ཕྲ་མོ་ལ་འབུ་ཕྲ་དང་། ཧམ་སྤུ། ཆུ་སྐྱེས་སྔོ་རིགས་སོགས་རིགས་ཤིན་ཏུ་མང་པོ་ཡོད་པར་མ་ཟད། རིགས་རེ་རེ་ལའང་ནང་གསེས་དབྱེ་བ་དང་གྲངས་ཀ་མང་པོ་ཡོད་པ་དཔེར་ན། འབུ་ཕྲ་ཁོ་ན་ལ་རིགས་ཆེན་ལྔ་བཅུ་དང་རིགས་ཆུང་ཉིས་བརྒྱ་ལྔ་བཅུ་ཙམ་དུ་ཕྱེ་ལ་ཞིང་སའི་ངོས་ཀྱི་སྨི་གྲུ་བཞི་ཁ་གང་མ་རེར་གྲངས་ཀ་དུང་ཕྱུར་ཁྲི་ནས་འབུམ་ཡོད་པ་དང་། ཧམ་སྤུ་ལ་ཧ་ལམ་རིགས་ཆེན་བརྒྱ་དང་བདུན་ཅུ་དང་རིགས་ཆུང་དྲུག་བརྒྱ་དགུ་བཅུར་ཕྱེ་ལ་ཞིང་སའི་ངོས་ཀྱི་སྨི་གྲུ་བཞི་ཁ་གང་མ་རེར་དུང་ཕྱུར་གཅིག་ནས་བཅུ་ཕྲག་དུ་མ་ཡོད་པ་ལྟ་བུ། ས་ཞིང་གི་སྲོག་ཆགས་ལ་ས་འབུ་ནག་རིང་། རྟ་བླ། ན་བུན་བུ་མོ། སྡོམ། གྲོག་མའི་རིགས། སྦྲུལ། འབུ་རྐང་བརྒྱ་ལག་བརྒྱ། སྲིན་འབུ་ལྟོ་འཕྱེ་སོགས་འབུ་དང་འབུ་སྲིན་རིགས་རྣམ་གྲངས་ཤིན་ཏུ་མང་པོ་ཡོད་པ་དཔེར་ན། ས་ཞིང་གི་ཤུན་ངོས་སྨི་གྲུ་བཞི་ཁ་གང་མ་རེར་ས་འབུ་ནག་རིང་སུམ་ཅུ་ནས་སུམ་བརྒྱའི་བར་དུ་ཡོད་ཅིང་། དེས་ས་ཞིང་ལ་བུ་ག་བརྐོས་པས་ཆུ་དབུགས་རྒྱུ་བདེ་བར་བྱེད་པ། ས་སོབ་སོབ་བྱེད་པ། ཞིང་སའི་གྲུབ་སྟངས་ཇེ་ལེགས་སུ་གཏང་བ། སྐྱེ་ལྡན་རྫས་བཅུད་དང་ཞིང་ས་ལེགས་པར་བསྲེ་པ། གཏེར་རྒྱུའི་རྣམ་པ་སྒྱུར་བ། བྲུན་དུ་ཅཱ་དང་ལིན་དང་ཏན་སོགས་འབེལ་བོ་ཡོད་པས་སྐྱེ་དངོས་ཀྱི་བསྡུ་ལེན་བྱེད་བདེ་བར་གྱུར་པ་སོགས་ཀྱི་ཕན་ཐོགས་སྐྲུན་བཞིན་ཡོད་པ་ལྟ་བུ། ས་ཞིང་གི་རྩི་ཤིང་ནི་གཙོ་བོ་རྩི་ཤིང་གི་བ་ཐག་དང་། བ་ཐག་ལ་འབྲས་བུ་འཆགས་པའི་ལོ་ཏོག་རྣམས་ཏེ། དེ་དག་གིས་ས་ཞིང་ལ་དགོས་གལ་ཆེ་པའི་གཏེར་རྒྱུའི་རིགས་མཁོ་འདོན་བྱེད་བཞིན་ཡོད།
བཞི་པ། ས་ཞིང་གི་ཞུན་མ། ཞིང་སའི་བུག་སྲུབས་ན་ཞུ་པར་བྱ་བའི་འཐས་གཟུགས་དང་ཞུ་བའི་ངོ་བོ་ཅན་གྱི་དབུགས་གཟུགས་འདུས་པའི་གཤེར་གཟུགས་ཡོད་པ་ལ་ས་ཞིང་གི་ཞུན་མ
(土壤溶液)ཟེར་ཞིང་། དེའི་གལ་ཤིན་ཏུ་ཆེ་བའི་རང་བཞིན་མཚོན་ཕྱིར་མི་ཚོས་མིང་གཞན་ལ་ས་ཞིང་གི་ཁྲག་རྒྱུན་ཞེས་འབོད་བཞིན་ཡོད། ས་ཞིང་གི་ཞུན་མ་དང་ས་ཞིང་གི་འཐས་གཟུགས་གཉིས་ཕན་ཚུན་དོ་སྙོམས་ཤིང་གཅིག་དེ་གཅིག་གི་རྣམ་པ་འགྱུར་པའི་མ་ལག་ཅིག་ཏུ་གྲུབ་ཅིང་། དེ་ནི་ས་ཞིང་དང་ཁོར་ཡུག་བར་དུ་དངོས་རྫས་བརྗེ་རེས་ཀྱི་དངོས་པོའི་རྟེན་གཞི་དང་། དངོས་པོའི་འགུལ་སྐྱོད་དང་གནས་སྤོ་བའི་རྨང་གཞི། ལོ་ཏོག་ལ་འཚོ་བཅུད་མཁོ་འདོན་བྱེད་པའི་རྒྱུ་ལམ་ཏེ། དེས་ས་ཞིང་འགྱུར་ལྡོག་གི་རྣམ་པ་གསར་ཤོས་དེ་མཚོན་བཞིན་ཡོད། དེའི་གྲུབ་ཆ་ལ་རྩི་ཤིང་ལོ་ཏོག་ལ་དགོས་གལ་ཆེ་བའི་སྐྱེ་ལྡན་རྫས་བཅུད་དང་སྐྱེ་ལྡན་མེད་པའི་དངོས་པོ་རྣམས་འདུས་ཡོད་ལ། འབུ་དུག་ལྟ་བུ་ས་ཞིང་དུ་འཕྲོ་ལྷག་པའི་ལོ་ཏོག་གི་སྨན་རྫས་དང་ཞ་ཉེ་ལྟ་བུ་སྦགས་བཙོག་བྱེད་པའི་ལྕགས་རིགས་རྣམས་ཀྱང་འདུས་པས། ཕྱི་མ་དེ་དག་ཚད་ངེས་ཅན་ལོངས་ན་སྐྱེ་དངོས་ཀྱི་འཚར་ལོངས་དང་མི་དང་སྲོག་ཆགས་ཀྱི་བདེ་ཐང་ལ་གནོད་པ་བསྐྱལ་ངེས་པ་ཞིག་རེད། ས་ཞིང་གི་ཞུན་མའི་བྱེད་ནུས་ལ། དེ་ནི་ས་ཞིང་གི་གཏེར་རྒྱུ་དང་། ས་ཞིང་གི་སྐྱེ་ལྡན་རྫས་བཅུད། ས་ཞིང་གི་སྐྱེ་དངོས་སོགས་ས་ཡི་ལུད་ཤེད་ཀྱི་རྨང་གཞིར་གྱུར་པའི་དངོས་པོ་རྣམས་གཅིག་ཏུ་འབྲེལ་བྱེད་ཀྱི་ཐག་པ་ལྟ་བུ་དང་། འཐས་གཟུགས་རྣམ་པའི་འཚོ་བཅུད་རྣམས་ཕན་ཐོགས་ལྡན་པའི་གཤེར་གཟུགས་རྣམ་པའི་འཚོ་བཅུད་དུ་སྒྱུར་བྱེད་ཀྱི་རྩི་ལྟ་བུ། འཚོ་བཅུད་སྐྱེལ་འདྲེན་བྱེད་སའི་རྒྱ་ལམ་ལྟ་བུ་བཅས་སུ་གྱུར་ཡོད་ཅིང་། རྩི་ཤིང་ལོ་ཏོག་ལ་ངེས་པར་དུ་མཁོ་བའི་འཚོ་བཅུད་གཞི་རྒྱུ་བཅུ་དྲུག་ལས། ཐཱན་དང་། ཆིང་། དབྱང་གསུམ་པོ་མཁའ་དབུགས་ལས་ཀྱང་འབྱུང་བཞིན་ཡོད་པ་ཙམ་ལས་གཞན་ཚང་མ་གཙོ་བོ་རྩི་ཤིང་ལོ་ཏོག་གི་རྩད་དང་ཉིང་རྩད་ལ་བརྒྱུད་དེ་ས་འོག་ཡོད་པའི་ས་ཞིང་གི་ཞུན་མ་ལས་བསྡུ་ལེན་བྱེད་བཞིན་ཡོད། ས་ཞིང་ལ་གཞན་ད་དུང་རྩབས་རྒྱུ་དང་སྤྱིན་གྱི་རྣམ་པ་སོགས་ཀྱང་འདུས་ཤིང་དེ་དག་སོ་སོར་ཡང་རང་རང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བྱེད་ནུས་ཡོད་པ་ཤ་སྟག་ཡིན།
ལྔ་པ་ས་ཞིང་གི་བུག་སྲུབས། ས་ཞིང་ནི་འཐས་གཟུགས་ཀྱི་ས་རྡུལ་རྡོག་པོ་དང་ས་རྡུལ་རྡོག་པོའི་བར་གྱི་བར་སྟོང་ལས་གྲུབ་ཡོད་པས། ས་རྡུལ་དང་ས་རྡུལ། ས་རྡུལ་ཕུང་པོ་དང་ས་རྡུལ་ཕུང་པོ་རྣམས་ཀྱི་བར་དུ་སྦོམ་ཕྲ་མི་འདྲ་ཞིང་རྣམ་པ་སྣ་ཚོགས་པའི་བར་སྟོང་བུ་ག་ཀྱག་ཀྱོག་མང་པོ་ཡོད། དེ་ལ་ས་ཞིང་གི་བུག་སྲུབས་སམ་ཞིང་གི་ས་བུག་ཟེར་བཞིན་ཡོད། ས་བུག་དེ་དག་ནི་ཆུ་དང་རླུང་གི་གནས་ས་དང་། དངོས་པོ་དང་ནུས་པ་བརྗེ་རེས་བྱེད་ས། རྩི་ཤིང་ལོ་ཏོག་གི་བ་ཐག་རྒྱས་ས། ས་ཞིང་གི་སྲོག་ཆགས་དང་སྐྱེ་དངོས་ཕྲ་མོ་རྣམས་འཚོ་གནས་དང་སྐྱེས་སྟོབས་འཕེལ་ས་ཡིན། ས་བུག་སྦོམ་ཕྲ་མི་འདྲ་བའི་བྱེད་ནུས་ཀྱང་མི་འདྲ་སྟེ། སྦོམ་པར་ཆུ་རླུང་རྒྱུ་ཆོག་ཅིང་ཕྲ་མོར་ཆུ་གསོག་ཐུབ། དེ་བས་ལོ་ཏོག་གི་ཆུ་རླུང་དགོས་མཁོ་སྐོང་བ་དང་བ་ཐག་བརྟན་པོར་ཟུག་པ་དང་རྩད་དང་ཉིང་རྩད་ལེགས་པར་རྒྱས་པ་ལ་ས་ཞིང་ལ་ས་བུག་མང་ཉུང་འཚམས་པོ་ཡོད་དགོས་པར་མ་ཟད་ད་དུང་ཕྲ་སྦོམ་གཉིས་ཀ་ཚད་རན་ཞིང་དོ་སྙོམ་པོ་ཡིན་དགོས། ས་བུག་མང་ཉུང་གིས་ས་ཞིང་གི་གཤེར་གཟུགས་དང་དབུགས་གཟུགས་ཀྱི་ཚད་མང་ཉུང་ཐག་གཅོད་བཞིན་ཡོད་ཅིང་། ས་བུག་སྦོམ་ཕྲ་དང་དེ་གཉིས་ཀྱི་བསྡུར་ཚད་ཀྱིས་གཤེར་གཟུགས་དང་དབུགས་གཟུགས་ཀྱི་བསྡུར་ཚད་གཏན་འཁེལ་བྱས་ལ། དེ་དག་གིས་ས་ཞིང་གི་ལུད་ཤེད་བཟང་ངན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། ས་ཞིང་གི་བུག་སྲུབས་ཀྱི་རིགས་ལ་དབྱེ་ན་ཆེ་འབྲིང་ཆུང་གསུམ་སྟེ། ཚངས་ཐིག་ཧའོ་སྨི་ཐིག་ཚེག་ཐིག་ཐིག་གཉིས་ལས་ཆུང་( ༠.༠༠༢㎜)བའི་ས་བུག་ཆུང་ངུ་ལ་ཕན་ཐོགས་མེད་པའི་ས་བུག་དང་། ཚངས་ཐིག་ཧའོ་སྨི་ཐིག་ཚེག་ཐིག་གཉིས་ནས་ཐིག་ཚེག་ཐིག་ཐིག་གཉིས(༠.༠༢-༠.༠༠༢㎜)བར་གྱི་ས་བུག་འབྲིང་ལ་སྤུ་ཉག་སྦུ་གུའི་ས་བུག། ཚངས་ཐིག་ཧའོ་སྨི་ཐིག་ཚེག་ཐིག་གཉིས( ༠.༠༢㎜)ལས་ཆེ་བའི་ས་བུག་ཆེན་པོ་ལ་རླུང་རྒྱུའི་ས་བུག་ཟེར། ས་བུག་ཆུང་ངུའི་ནང་དུ་ས་རྡུལ་ངོས་སུ་འབྱར་བའི་ཆུས་བཙངས་ཏེ་གཤེར་གཟུགས་འགུལ་སྐྱོད་ཤིན་ཏུ་དལ་སྟབས་ཞིང་ལས་ལ་ཕན་ཐོགས་མི་འབྱུང་པ་དང་། ས་བུག་འབྲིང་དུ་གཤེར་གཟུགས་རྣམས་སྦུ་ངོས་ཀྱིས་འཐེན་ཤུགས་ལ་བརྟེན་ནས་གནས་ཐུབ་ཅིང་འགུལ་སྐྱོད་ཀྱང་མགྱོགས་པས་རྩི་ཤིང་ལོ་ཏོག་ལ་ཆེས་ཕན་ཐོགས་ལྡན་པའི་ཆུའི་གནས་སྟངས་ཡིན། ས་བུག་ཆེན་པོར་ལྗིད་ཤུགས་ཀྱི་དབང་གིས་ཆུ་གནས་མི་ཐུབ་པས་མྱུར་དུ་བཞུར་ཏེ་རླུང་གི་རྒྱུ་ལམ་དུ་འགྱུར། དེ་བས་ས་བུག་ཆེན་པོའི་མང་ཉུང་དང་ཆེ་ཆུང་གིས་ས་ཞིང་གི་ཆུ་རླུང་རྒྱུ་བའི་ནུས་པ་ལ་ཤུགས་རྐྱེན་འདོན་བཞིན་ཡོད། བྱེ་ཞིང་དུ་ས་བུག་ཆེན་པོ་མང་ཞིང་ཆུང་ངུ་དཀོན་སྟབས་རླུང་རྒྱུ་བཟང་ཡང་ཆུ་འཛིན་པའི་ནུས་པ་ཞན་ལ་ཆུ་དང་ལུད་ཟད་བདེ། ས་ཚི་ཅན་གྱི་ཞིང་སའི་གནས་ཚུལ་དེ་ལས་ལྡོག་པ་རེད། ལོ་ཏོག་ཕལ་མོ་ཆེ་ལ་མཚོན་ན། ས་ཞིང་ལ་ཕན་ཐོགས་མེད་པའི་ས་བུག་ཉུང་ཞིང་། རླུང་རྒྱུའི་ས་བུག་གི་མང་ཉུང་སྤུ་ཉག་སྦུ་གུའི་ས་བུག་དང་མཚུངས་པའམ་ལྡབ་གཅིག་གིས་མང་ན་ཕན་ཐོགས་ཆེ་བ་ཡིན། ས་ཞིང་གི་བུག་སྲུབས་དེ་ཞིང་སའི་ཚགས་དམ་ལྷོད་དང་འབྲེལ་བ་ཆེན་པོ་ཡོད་པ་སྟེ། བུ་གའི་ཆེ་ཆུང་དང་མང་ཉུང་གིས་ས་ཚགས་དམ་ལྷོད་ལ་ཤུགས་རྐྱེན་འདོན་ཞིང་ས་ཚགས་དམ་ལྷོད་ཀྱིས་ས་ཞིང་གི་བུ་གའི་མང་ཉུང་དང་ཆེ་ཆུང་ལའང་ཤུགས་རྐྱེན་བཏོན། ས་ཚགས་དམ་ན་ས་བུག་ཆུང་ངུ་མང་ཞིང་ཆེན་པོ་ཉུང་ལ་ས་ཡི་བོངས་ཚད་དུ་ས་བུག་སྤྱིའི་བོངས་ཚད་ཆུང་བ་ཡིན། ས་ཚགས་དམ་ལྷོད་ཀྱིས་ད་དུང་ས་ཞིང་གི་ཆུ་དང་རླུང་དང་ལུད་བཅུད་སྲུང་བའི་ནུས་པ་བཅས་ལ་ཤུགས་རྐྱེན་བཏོན་ལ། ལོ་ཏོག་མི་འདྲ་བ་ལ་དགོས་པའི་ས་ཚགས་དམ་ལྷོད་ཀྱང་མི་འདྲ། དམ་ཆེར་སོང་ན་མྱུ་གུ་འབུ་པ་དང་ལྗང་བུ་འཁྲུགས་པ་ལ་གནོད་པ་ཆེ་བས་ས་ཚི་ཤིན་ཏུ་དྲག་པའི་ས་ཚགས་དམ་ས་རུ་མྱུ་གུ་མི་སྐྱེ་བའི་དམར་སྒྲེན་ལུས་སླ། དེ་བས་ཚགས་དམ་ཞིང་འབྱར་ཚི་མང་བའི་ཞིང་དུ་ས་བོན་ཅུང་མང་ཙམ་གདབ་དགོས། ལྷོད་དྲག་ན་བ་ཐག་ས་དང་ཡག་པོ་མི་ཐུག་པ་དང་བཅུད་ལེགས་པར་འཇིབ་མི་ཐུབ་པ་སོགས་ཀྱིས་མྱུ་གུ་བསྐམ་ཉེན་ཆེ། དེ་བས་ས་ཧྲོབ་མང་ཞིང་ཚགས་ལྷོད་པའི་ཞིང་དུ་སྟོན་སློག་གདིང་ཟབ་པོ་དང་དཔྱིད་ཀར་ས་གདིང་མི་མཐུག་པས་རྨོས་ན་ཕན། དེ་བཞིན་ས་ཞིང་གི་བུག་སྲུབས་ལ་ས་ཞིང་གི་རྒྱུ་སྤུས་དང་གྲུབ་ཚུལ་བཟང་ངན། སྐྱེ་ལྡན་རྫས་བཅུད་ཀྱི་མང་ཉུང་། རྨོ་སྟངས་རྣམས་ཀྱིས་ཤུགས་རྐྱེན་ཐེབས་པ་སྟེ། དཔེར་ན་རྒྱུ་སྤུས་དང་གྲུབ་སྟངས་བཟང་བའི་ས་
ཞིང་གི་ཕྱི་ངོས་རིམ་པ་ན་ས་བུག་གི་བོངས་ཚད་སྤྱིས་ས་ཡི་བོངས་ཚད་ཀྱི་བརྒྱ་ཆ་ང་ལྔ་ནས་དྲུག་ཅུ་ལ་ཟིན་ཐུབ་ཀྱིན་ཡོད་པ་དང་། ཚགས་དམ་དྲག་པར་བརྒྱ་ཆ་ཉི་ཤུ་ནས་སུམ་ཅུ་ཙམ་ལས་ཟིན་མེད་པའང་ཡོད།
དྲུག་པ་ཞིང་སའི་གྲུབ་ཚུལ་ལ་མཚོན་ན། ས་ཞིང་ཁྲོད་ཀྱི་ས་རྡུལ་རྣམས་བྱེ་ས་མ་ཡིན་པའི་ཞིང་གཞན་པ་རྣམས་སུ་ཕལ་ཆེར་ས་རྡུལ་རྡོག་པོ་རེ་རེ་བཞིན་མི་གནས་ཀྱི་ས་རྡུལ་རྣམས་ཕན་ཚུན་དབྱིབས་དང་ཆེ་ཆུང་མི་འདྲ་བའི་ཕུང་པོར་ཆགས་ནས་གནས་ཡོད། ས་རྡུལ་དང་ས་རྡུལ་ཕུང་པོ་ཡི་གྲངས་ཀ་དང་དེ་དག་བར་གྱི་བར་སྟོང་བུ་གའི་གནས་སྟངས་ཀྱི་ཁྱད་ཆོས་སྤྱི་ལ་ས་ཞིང་གྲུབ་ཚུལ་གྱི་ཁྱད་ཆོས་ཟེར་བཞིན་ཡོད། དེ་ལ་རགས་བསྡུས་བྱས་ན་རྣམ་པ་མི་འདྲ་བ་བཞི་ཙམ་ཡོད་པ་སྟེ། དང་པོ་ས་རྡོག་དབྱིབས་གྲུ་བཞི་ཁ་གང་མ་ལ་ཉེ་ཞིང་ཆེ་ཆུང་ཧའོ་སྨི་བཅུའི་ཡན་དུ་ཟིན་པ་དང་། དབྱིབས་མ་རྡུལ་སྙིང་པོ་ལ་འདྲ་ཞིང་ཆེ་ཆུང་ལི་སྨི་གཅིག་ནས་གསུམ་གྱི་བར་དུ་ཡོད་པ། དབྱིབས་ངེས་པ་མེད་ཅིང་ཆེ་ཆུང་ལི་སྨི་གསུམ་ལས་ལྷག་པའི་རྣམ་པ་ཅན་རྣམས་ཏེ་ས་ཚི་ཅུང་མང་ཞིང་སྐྱེ་ལྡན་རྫས་བཅུད་དཀོན་པའི་ཞིང་སར་འབྱུང་མང་ལ། ས་དེ་རིགས་ལ་ཆུ་ལུད་དབུགས་དྲོད་རྨོན་སོགས་ཕྱོགས་ཀུན་ནས་ཆ་རྐྱེན་ཞན་པ་ཡིན། གཉིས་པ་ས་རྡོག་ཅུང་ཆེ་ཞིང་དབྱིབས་ཀ་ཟླུམ་མམ་ཀ་བ་གྲུ་ག་ཅན་གྱི་རྣམ་པ་སྟེ། ས་ཚི་མང་ཞིང་སྐྱེ་ལྡན་རྫས་བཅུད་དཀོན་པའི་ཞིང་སའི་གདིང་གི་རིམ་པ་ན་གནས་ཡོད། གསུམ་པ་ས་རྡོག་རྣམས་ངོས་སྙོམས་ཕྱོགས་སུ་ཤོ་བསྒྲིགས་ཤིང་དཔངས་སྲིད་ཞེང་གསུམ་ལས་དཔངས་ཤིན་ཏུ་ཐུང་ཞིང་གཞན་གཉིས་རིང་བའི་རྣམ་པ་ཅན་ཏེ། བྱེ་ཕྱེ་མང་བའི་ས་ཞིང་གི་ངོས་སུ་གནས་ཤིང་ཆར་རྗེས་ཤུན་སྐོགས་དང་ལྤགས་པར་འཆགས་པ་ཞིག། དེ་ནི་ས་རྡུལ་གྲལ་སྟར་ཚགས་དམ་ཞིང་སྤུ་ཉག་སྦུ་གུའི་ས་བུག་ལས་ས་བུག་ཆེན་པོ་ཕལ་ཆེར་མེད་པས་ས་བོན་ལ་མྱུ་གུ་འབུ་པ་དང་ལྗང་བུ་སྐྱེ་པ། རྩད་པ་རྒྱས་པ་རྣམས་སྟབས་མི་བདེ་ཞིང་ཆུ་རླུང་འཛིན་པའི་ནུས་པ་ཞན་པ་ཡིན། བཞི་པ་ས་རྡོག་དཔངས་དང་དཀྱུས་ཞེང་གསུམ་པོ་རིང་ཐུང་ཕལ་ཆེར་མཚུངས་ལ་ཕུང་པོའི་ཚངས་ཐིག་རིང་ཚད་ཧ་ལམ་ཧའོ་སྨི་ཐིག་ཚེག་གཉིས་ལྔ་ནས་བཅུའི་བར་དུ་ཡོད་ལ་དབྱིབས་ཟླུམ་པོ་ལ་ཉེ་བའི་རྣམ་པ་ཅན་ཏེ། སྐྱེ་ལྡན་རྫས་བཅུད་མང་ལ་གཤིན་པའི་ཞིང་སའི་རྨོ་བའི་རིམ་པར་འབྱུང་བ་ཡིན། ས་རྡོག་ཟླུམ་པོའི་རྣམ་པ་ཅན་འདི་ནི་ཞིང་ལས་ཐོན་སྐྱེད་ལ་ས་ཡི་གྲུབ་ཚུལ་ཆེས་བཟང་བ་དེ་ཡིན་ཞིང་། དེ་དང་ལྡན་པའི་ས་ཞིང་དུ་ཆུ་མང་པོ་གསོག་པ་དང་། ཆུ་བཞུར་པ། ཆུ་འཛིན་པ། རླུང་རྒྱུ་བ། ལུད་འཛིན་པ་དང་ལུད་མཁོ་སྤྲོད་བྱེད་པ་སོགས་ཀྱི་ནུས་པ་ཆེ་བས་རྩི་ཤིང་ལོ་ཏོག་ལ་རྒྱུན་མཐུད་དེ་འཚོ་བཅུད་མཁོ་སྤྲོད་བྱེད་ཐུབ་པ་དང་། ཆུ་དབུགས་དོ་སྙོམས་པ། སྐྱེ་ལྡན་རྫས་བཅུད་འབེལ་བ། སའི་དྲོད་ཚད་སྙོམ་སྒྲིག་བྱེད་ཐུབ་པ། ཞིང་ས་སོབ་སོབ་ཡིན་པས་རྩད་པ་རྒྱས་སླ་བ། རྨོ་བདེ་བ་སོགས་མདོར་ན་ཆུ་ལུད་དབུགས་དྲོད་བཅས་དོ་སྙོམས་སྟབས་ལོ་ཏོག་ལ་ཕན་ཐོགས་ཆེ་ཞིང་ལོ་ལེགས་འབྱུང་བའི་སའི་གྲུབ་ཚུལ་ཡིན། དེ་བས་ས་རྡོག་ཟླུམ་པོའི་རྣམ་པ་ཅན་མང་ཉུང་ནི་ས་ཞིང་གི་ལུད་ཤེད་ཆེ་ཆུང་གི་མཚན་རྟགས་ཤིག་ཏུའང་འགྱུར་བཞིན་ཡོད། ས་ཡི་གྲུབ་ཚུལ་ལ་ནི་དུས་རྒྱུན་གྱི་རྨོ་སྟངས་བཟང་པོ་དང་། ལོ་ཏོག་བརྗེ་རེས་བྱས་ནས་བཏབ་པ། སྐྱེ་ལྡན་ལུད་བཀྲམ་པ་སོགས་ལ་བརྟེན་ནས་ཇེ་ལེགས་སུ་གཏང་ཆོག།
༼ མུ་འགོད། ༽