༡
ཁྱོད་སོང་ནས།
ངས་རང་ཉིད་ལ་ཚིག་གི་རལ་གྲི་བརྡུངས་ཤིང་དབྱངས་
ཀྱི་ཁང་མིག་བསླས།
དབྱར་གཞུང་གི་མཛེས་པ་སྤྱད་དེ་མིག་ཆུ་ཐིམ་ཐབས་བྱས།
དགུ་ཚིགས་ཀྱི་ལྗོན་ཤིང་ལ་འཁྱུད་དེ་ཁྱོད་ཀྱི་བཤུལ་
ལམ་བཙལ།
དུས་ཡུན་འདི་ཙམ་སོང་ནའང་ཁྱོད་ད་དུང་ཡུལ་ལ་མ་ལོག།
ནམ་གུང་ཡོལ་རྗེས།
ངས་རྟག་པར་རང་ཉིད་ཨུ་ཚུགས་ཀྱིས་གཉིད་དུ་ཡུར་
ཐབས་བྱས།
༢
སྒྱུ་མའི་ནགས་ཀླུང་ཀུན་ཏུ་གདུང་བའི་ཉི་ཟེར་འཛུམ།
ཁྱོད་ཀྱི་གྲིབ་གཟུགས་ཀྱིས།
ཁྱོན་ཡངས་པའི་སྐྱ་རེངས་དང་ནམ་མཁའ་ས་རུ་འཛད།
བདེན་ལུགས་ལ།
ངས་སྣང་བའི་གླིང་ག་རུ་ཁྱོད་མེ་ཏོག་དཀར་པོ་ཞིག་དང་།
ང་དམར་པོ་ཞིག་ཏུ་གྱུར་ནས་སྐྱེས་ཆོག་པའི་སྙན་ཞུ་
ཡང་ཡང་གསོལ།
༣
ཉི་འོད་འཁྱག་པ་འདིའི་ངོགས་སུ།
བྱིས་པ་ཞིག་ལྐོག་ཏུ་ངུ་།
དགུན་ཁ་གང་མང་ཞིག་བརྒལ་རྗེས།
ཁ་བ་གཅིག་པུ་འུ་གཉིས་ཀྱི་བར་ཐག་སྲུང་མཁན་ཙམ་
དུ་བྱུང་།
༤
ངའི་ཆགས་སྲེད་ཀྱིས།
ཆུང་དུས་ཀྱི་འཚོ་བ་དང་རྨི་ལམ་མེ་རུ་སྦར།
སྙིང་ཉེ། མ་གཞི་ང་ཡང་།
བྱིས་པ་གཞན་དག་ནང་བཞིན་ཁྱོད་ལ་ཀུ་རེ་སློང་བ་
ཅི་འདྲའི་སྤྲོ།
༥
ངས་མ་འོངས་པའི་འཚོ་བའི་ནང་།
ཁྱོད་མཚོན་བྱེད་ཀྱི་ཡིག་འབྲུ་རེ་གཟབ་ནན་གྱིས་བྲིས།
རྣམ་ཤེས་དུབ་པོ་འདིས།
ད་ལྟ་ང་དང་ངའི་ཉེ་འཁོར་གྱི་ལུག་ཁྱུ་དག་ཀྱང་ཐང་ཆད་
དུ་བཅུག།
༦
སྒེའུ་ཁུང་གི་མཐོང་ལམ་ཁྲོད།
བྱེ་མའི་ཐང་ཆེན་དང་རྒྱུ་སྐར་གྱི་མེ་ཏོག་ཚོམ་བུར་བཞད།
ཆེས་ཉག་ཕྲ་བའི་ཞེ་འདང་གིས།
ཁྱོད་ཀྱི་རྒས་འཁོགས་དང་རང་གི་འཚོ་བ་དྲན།
༧
དུར་ལམ་སྐྱ་མོ།
བྱ་རྒོད་ཀྱི་ངུ་སྐད་དང་ཁྱི་ལྡོམ་གྱི་ལྟོགས་ཟུག་བར་མེད་དུ་
གྲགས།
གྲང་འཁྱགས་ཀྱི་ཁ་བའི་རླབས་ཕྲེང་ལ་ཅེར་ནས།
ཞིག་རལ་དུ་སོང་བའི་ཁང་རྙིང་དུ་ལོག་འདོད་སྐྱེས།
༼ གཤོག་སྒྲོ། ༽
འཚོ་བའི་ཟིན་ཐོ།
༡
མི་ཚེའི་བང་རིམ་བརྩེགས་པའི་ནམ་ཟླ་ཇི་སྙེད་གཅིག་རིམ་བཞིན་ཕར་ལ་འདས་རྗེས། ཁོ་བོའི་ཉེ་འགྲམ་དུ་ཕུལ་དུ་བྱུང་བའི་མི་ཇེ་མང་ནས་ཇེ་མང་རེད་འདུག། ཁོང་དག་གི་རི་བོ་ལྟ་བུའི་གྲིབ་གཟུགས་དང་ཆུ་མོ་འདྲ་བའི་བརྩོན་པ། གངས་རི་འདྲ་བའི་ཐུགས་རྒྱུད་དང་གཙང་པོ་ལྟ་བུའི་བབ་བརླིང་དག་འདྲེན་བྱེད་དབང་པོའི་ཐང་ན་བཀྲམ་པའི་རྫོགས་ལྡན་གྱི་དཔལ་ཡོན་བགྲང་གིས་མི་ལངས་པ་གསལ་བས། ཁོ་བོའི་ནང་སེམས་སུ་ངར་ཤུགས་ཤིག་འགོངས་མེད་དུ་སྐྱེས་ཡོང་། རབ་འབྱམས་པ། འབུམ་རམས་པ། སྙན་ངག་པ། སྒྱུ་རྩལ་པ་སོགས་ཤེས་ལྡན་པའི་དཔུང་སྡེའི་རྫོགས་ལྡན་གྱི་ཡོ་ལང་ལ། ཁོ་བོའི་སེམས་པ་སྐབས་རེ་དགའ་བ་བྱས་ཏེ། རང་གི་འབྲེལ་འདྲིས་བྱེད་སའི་མི་དག་གམ་ཡང་ན་འཚོ་སའི་ཁོར་ཡུག་འདི་ལྟར་རབ་དུ་བྱུང་བ་ཡིན་པས། རང་ཉིད་ཀྱང་འོད་ཀྱིས་ཕྱུག་པའི་མི་ཞིག་མིན་ནམ་སྙམ་པའི་སྤྲོ་བ་ཞིག་ཤུགས་ཀྱིས་སྐྱེ་ཡོང་ལ། ཡང་སྐབས་རེ་ཁོང་དག་གི་དཀའ་སྤྱད་ཀྱི་རྣམ་པ་དང་ཕུལ་བྱུང་གི་གྲུབ་འབྲས་མཐོང་འཕྲལ། རང་ཉིད་ཀྱང་བྲེལ་འཚུབ་ཞིག་རང་བཞིན་ངང་འཁོལ་འོངས་ཏེ། འདབ་ཆགས་བྱ་ཚོགས་གསེར་རིར་འཁོར་བས་གསེར་བྱ་འབྱུང་བའི་དཔེ་བཞིན། ཁོ་བོ་ཡང་ལྷན་དུ་ཡར་རྒྱས་ཀྱི་གོམས་ཆེན་སྤོ་འདོད་ཀྱི་ཆོད་སེམས་ཤིག་ཀྱང་རང་ཤུགས་ཀྱིས་སྐྱེ་ཡོང་།
༢
མི་ཞིག་སྤྱི་ཚོགས་ཤིག་གི་ཁུར་པོ་རུ་འགྱུར་འགྲོ་བ་ནི་རང་ཉིད་ཀྱི་གོམས་འགྲོས་སྤྱི་ཚོགས་ཀྱི་འཕེལ་རིམ་ལ་རྒྱས་མ་ཟིན་པ་རེད་མོད། ཡིན་ནའང་ཕལ་པའི་མི་ང་དང་འདྲ་བ་ཞིག་ལ་མཚོན་ན། སྐབས་རེར་རང་ཉིད་ལ་ཡིད་ཆེས་དང་ཡང་སྐབས་རེར་རང་ཉིད་ལ་ཐང་ཆད་པ་སོགས་ཀྱི་དགའ་སྐྱོ་འདྲེས་མའི་འཚོ་བ་ནི་རྒྱུན་ལྡན་དུ་གྱུར་རུང་། ངས་རྟག་དུ་རང་སེམས་ལ་ནན་དུ་བརྐྱངས་པ་ནི། མི་སུ་འདྲ་ཞིག་དང་འགྲོགས་རུང་། དེ་ལ་ཁོ་རང་ལ་དབང་བའི་ལེགས་ཆ་ཞིག་ཡོད་སྲིད་ལ། ངས་ཀྱང་ཁོ་བོའི་ལེགས་ཆ་དེར་སེམས་ཆུང་ངང་སློབ་སྦྱོང་ཞུ་འོས་པ་ཞིག་ཏུ་འདོད། ང་ཚོས་མི་རྟོགས་པ་ནི་ཡང་སྙིང་ཇི་ལྟ་བུའི་འབད་བརྩོན་ཞིག་ལ་གཞལ་དུ་མེད་པའི་གྲུབ་འབྲས་དབང་དགོས་མིན་ཡིན་རུང་། ནམ་ནམ་ཞར་ཞར་དོན་ཅི་ཞིག་དང་གདོང་ཐུག་དགོས་ཀྱང་བློ་དཀར་གྱིས་རང་ནུས་ཅི་ལྕོགས་བྱ་རྒྱུ་ནི་ཆེས་བཟང་བའི་གདམ་ག་ཞིག་ཏུ་རྩི་བཞིན་ཡོད། རྒྱལ་ཁའི་འབྲས་བཟང་ཟེར་བ་ནི། གཅིག་བྱས་ན་སྟེས་དབང་ཞིག་གིས་གོམ་ཁ་རུ་ཡོད་ཀྱང་སྲིད་ལ། ཡང་ན་རྒྱུ་འབྲས་ཤིག་གི་རྐྱེན་པས་གཙང་པོ་དང་རི་རབ་དུ་མ་ཕ་མཐའ་རུ་བརྒལ་ཀྱང་ཆོག། ཡིན་ནའང། ལེགས་སྒྲུབ་ཀྱི་ལམ་ཆེན་བསྐྲུན་པའི་རླབས་ཆེན་ཀྱི་མི་ཚོ་མང་པོ་ཞིག་ཕམ་ཉེས་གྲངས་མེད་ཀྱི་ཤུལ་ཆགས་ལས་ཐོན་ཡོང་བ་ཤ་སྟག་མ་ཡིན་ནམ། དེར་བརྟེན་ང་ཚོ་ཡང་ཕམ་ཉེས་དང་གདོང་ཐུག་དང་ངོ་རྒོལ་བྱ་ནུས་པའི་གསར་བརྗེ་བ་ཞིག་ཡིན་མི་ཆོག་པའི་རྒྱུ་མཚན་ཅི་ཡང་མེད་པས། ངས་ཀྱང་རང་ཉིད་ཀྱི་ཕུགས་བསམ་ཡང་རེ་འདུན་ཀྱི་དངོས་གྲུབ་མེད་པའི་ཁང་སྟོང་ཞིག་ལ་ཡེ་ནས་བསམ་མྱོང་མེད། ངས་ཀྱང་དུས་རྟག་ཏུ་འགྱེལ་ཞོར་དང་ལངས་ཞོར་གྱི་མི་ཚེ་ན། ཕམ་ཁ་གཅིག་ལ་མགོ་བོ་བསྒུར་ནས་བསྡད་ན་རིང་ཡང་རིང་རྒྱུ་མེད་ལ་ཐུང་ཡང་ཐུང་རྒྱུ་མེད་པའི་ལམ་བུ་སྐྱ་མོ་ཇི་ལྟར་བརྒལ་སྙམ་ལ། དགའ་ཞེན་གྱི་ལམ་ཐོག་ལ་ཟིན་པའི་ཉིན་དེར་འགྲན་རྩོད་ཀྱི་བྲག་ཅ་ཇི་ལྟར་རྒོད་རུང་རང་ཉིད་ནི་ནམ་ཡང་འོད་ཀྱིས་རྒྱན་པ་ཞིག་ཡིན་པ་དེ་བས་ཡིད་ཆེས་བརྟན་པོར་ཡོད།
༣
མ་གཞི་མི་རྟག་པའི་ཆོས་ཉིད་ཀྱི་དབྲག་ན་འཚོས་ཤིང་འདུ་བྲལ་དང་ཆག་འཇིག་གི་རུམ་ན་ཉལ་བའི་ང་ཚོ་ལ་མཚོན་ན། མི་སྡུག་པའི་སེམས་ནད་མང་པོ་ཞིག་ཡོད་པ་ནི་དེའང་ཆོས་ཉིད་ཅིག་ཀྱང་ཡིན་མོད། འཚོ་བའི་རླུང་ཁ་ལ་རང་ལུས་བསྡར་ནས་ཐར་བའི་བདེ་བ་ཞིག་སྨོན་པའི་ང་ཚོ་ནི་སྐྱེ་འཆིའི་འཕྲང་རིང་ཀློང་དུ་ཇི་ལྟ་བུའི་ཉམས་ཆུང་ཞིག་ཅི་ལ་མིན། འོན་ཀྱང་ཤ་ཟད་རུས་ཆག་གི་འཇིག་རྟེན་འདིར་འཚོ་བའི་ང་ཚོས་ཡང་སྙིང་ཚེ་སྲོག་གི་མཇུག་མཐའི་སྙིང་པོ་ཅི་ཞིག་ཡིན་པ་རྒྱུ་མཚན་གསལ་ཆ་དོད་པོ་ཞིག་སུ་ལ་ཡོད་སྲིད། འོན་ཀྱང་ཉམ་ཆུང་གི་ང་ཚོས་དེ་ལྟར་ཡིན་བསམ་པའི་ཆོས་ཉིད་མང་པོ་ནས་མང་བོ་ཞིག། དུས་དང་རྣམ་པའི་དབང་གིས་ཆོས་ཉིད་དེ་དག་དང་རིན་ཐང་དུ་མ་ཞིག་ཡང་རིམ་བཞིན་འགྱུར་བ་ཡོང་འགྲོ་བ་མ་ཡིན་ནམ། བདེ་ཐང་གི་མདུན་དུ། རྒྱུ་ནོར་ནི་ཅི་འདྲའི་སྙིང་པོ་མེད་པ་ཞིག། ཁེ་ཕན་གྱི་མདུན་དུ། དམ་ཚིག་ནི་ཅི་འདྲའི་བརྩེ་འདང་མེད་པ་ཞིག། འཆི་བ་ཡི་མདུན་དུ་ཡོད་ཚད་ནི་ཅི་འདྲའི་འགྲེལ་བཤད་མེད་པ་ཞིག། སྡུག་བསྔལ་ནི་འཁོར་བའི་ཆོས་ཉིད་དང་། བདེ་བ་འདོད་པ་ནི་ང་ཚོའི་གཉུག་གཤིས་ཡིན་རུང་། དོན་དངོས་སུ་ཁེར་རྐྱང་ནི་ང་ཚོའི་ཡུན་རིང་གི་གཏན་གྲོགས་དང་། བརྩེ་བ་ཡིས་མཚམས་རེ་ལས་སྒོ་རྡུང་བ་ཡོང་མི་སྲིད་པས་ང་ཚོས་རང་སེམས་ཀྱིས་རང་སེམས་གསལ་བ་བྱེད་པའི་འོད་སྣང་ཞིག་ངེས་པར་དུ་དགོས་པ་མིན་ནམ།
༤
“ཁྱོད་ཀྱིས་མི་རྟག་པ་གླེང་བཞིན་འཆི་བ་བརྗེད། ཁྱོད་ཀྱིས་བདེ་སྐྱིད་གླེང་བཞིན་སྡུག་བསྔལ་བརྗེད།”ཡང་ན། “ཁྱོད་ཀྱིས་མི་གཞན་གླེང་བཞིན་རང་ཉིད་བརྗེད། ཁྱོད་ཀྱིས་མཇུག་འབྲས་གླེང་བཞིན་བརྒྱུད་རིམ་བརྗེད།” མཐའ་ན། “ཁྱོད་ཀྱིས་རྨ་ཁ་གླེང་བཞིན་ན་ཟུག་བརྗེད།” དེ་ལྟར་ང་ཚོ་ནི་ངོས་མི་སྙོམས་པའི་མེ་ལོང་གཉིས་ཀྱི་བར་ན་ལང་པའི་རི་མོ་ཇི་བཞིན། ཐོབ་ཟིན་པའི་བཟང་ངན་མཐའ་དག་བཙན་ཤེད་ཀྱིས་བཅོས་པའི་དབང་ཆ་རྟ་རྔ་ཙམ་ཞིག་མེད་རུང་། ཐོབ་ཤོར་ཇི་སྙེད་ཀྱི་ཆར་ནག་ཞོད་གཅིག་ལ་སྦངས་མྱོང་རྗེས་སླར་ཡང་གོམ་ཁ་ས་གཞི་དེའི་བྲང་གཞུང་དུ་སྤོ་སྐབས་ང་ཚོ་ལའང་དབང་བའི་ནེམ་པ་བརྟན་པོ་ཞིག་ཡོང་རྒྱུའི་བསམ་པ་ནི་མི་ཚེའི་བང་རིམ་གྱི་ལེགས་སྒྲུབ་ངོ་མ་དེར་ངོས་འཛིན་བྱེད་ཀྱིན་ཡོད་ལ། ངས་ཀྱང་ནམ་ནམ་ཞར་ཞར་གྲུབ་འབྲས་ཅན་དག་གི་གྲིབ་གཟུགས་ལ་བལྟ་དགོས་བྱུང་བ་ནི། ང་རང་ཁོང་དག་གི་གྲིབ་གཟུགས་སུ་འགྱུར་ཕྱིར་མ་ཡིན་པར། ང་རང་ལ་ཁོང་ཚོ་དང་འདྲ་བའི་གྲིབ་གཟུགས་གསལ་ཆེད་ཡིན་པའང་དེ་བས་གསལ་པོར་རྟོགས་ཐུབ་པ་ནི་མི་ཚེའི་ཟིན་ཐོ་གསལ་བྱེད་ཀྱི་སྒྲོན་མེ་ཞིག་ཏུ་རྩི་བཞིན་ཡོད།
༼ སྣག་ཚ་ནག་པོ། ༽
ཕྱིར་དྲན་ནང་གི་ཤ་བ་ཡུ་མོ།
ཕུན་ཚོགས་དཔལ་འབར་གྱི་སྡེ་ཆེན་གྲོང་ནས། །
དུང་སེམས་འོ་ཆུ་གཉིས་གཅིག་ཏུ་འདྲེས་ཀྱང་། །
ལས་འཕྲོའི་མེ་ལོང་ལ་གས་ཆག་ཤོར་བའི། །
ཕྱིར་དྲན་མག་མོག་གི་ཤ་བ་ཡུ་མོ། །
ཚིག་གསུམ་མུ་ཏིག་གི་ཕྲེང་བ་དཀར་པོ། །
ཞེ་འདང་ཕ་ལམ་གྱི་སྒྲོམ་དུ་བཅུག་རུང་། །
མི་རྟག་དུས་མཐའ་ཡི་རླུང་ཆེན་གཡུགས་པས། །
སྲུང་བའི་ཐབས་ལམ་ནི་སུས་ཀྱང་མ་བརྙེད། །
རྟོག་བཏགས་སྒྱུ་འཕྲུལ་གྱི་གར་ལ་རྩེན་པའི། །
མ་ངེས་སྐྱིད་སྡུག་གི་གཏམ་རྒྱུད་རྒྱ་མཚོ། །
མིག་དབང་བསུ་མཁན་གྱི་རིས་སུ་ཕབ་ན། །
སེམས་ཉིད་ངལ་གསོ་ཡི་ཕྱག་རྒྱ་བོར་འགྲོ། །
གནམ་འདེགས་ཀ་བ་ཡི་རྟ་རྣའི་དབུ་གདུགས། །
བརྩེ་འདང་མཚམས་སྤྲིན་གྱི་མེ་སྟག་ཀློང་ནས། །
འཁྲེང་བའི་ཕྱིར་མིག་གིས་འཇོག་ཐབས་མེད་བཞིན། །
བརྩེ་བའི་ལག་ཟུང་གིས་སུ་ལ་འཁྱུད་བཞག །
སེམས་པའི་ངོ་བོ་ལ་རྙིང་རྒྱུ་མེད་ཅིང་། །
དྲན་པའི་ཕྱི་ནང་ལ་འགྱུར་བ་བྲལ་ཡང་། །
ལོ་ཟླའི་གོམ་སྟབས་ཀྱི་འཕོ་འགྱུར་ཞིག་གིས། །
བར་ཐག་འབྲེལ་སྤྱད་ཀྱི་ཨ་ལོང་ཐོར་སོང་། །
ཞེ་འདང་གཡུ་ལུང་གི་སྤང་དུ་འཁོར་བའི། །
ལས་དབང་ཉམ་ཆུང་གི་ཤ་བ་ཡུ་མོས། །
འདུ་འབྲལ་འཁོར་བ་ཡི་ཆོས་ཉིད་མ་རྟོགས། །
གྱེས་པའི་ན་ཟུག་འདི་ཁུར་ཐབས་མི་འདུག །
༼ གོ་ཁྲབ་ཉི་མ། ༽