国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡིད་མཐུན་མ།

ཚེ་སྔོན་ལས་ཀྱིས་འབྲེལ་བའི་ཡིད་མཐུན་མ།།

ཞེ་སེམས་རླུང་ལ་མ་བསྐུར་བདག་གསོན་དང་།།

མ་བཅོས་སེམས་ཀྱི་ནོར་བུ་རིན་ཆེན་ཁྱོད།།

དྲན་པའི་མེ་ལོང་ངོས་སུ་ཤར་ཚུལ་གླེང་།།

གཟུགས་ཅན་མི་ཡི་སེམས་ཀྱི་སྣང་བརྙན་ལ།།

འུ་ཅག་འཁྲབ་སྟོན་ལས་ཀྱི་རྗེས་སུ་འཇུག།

འཁོར་བའི་ཁྲོམ་ཆེན་འདི་ཡི་ནང་རོལ་ནས།།

ང་རང་ཡིད་དད་ལྷ་སྲས་རྫུན་མར་བསྒྱུར།།

མདོ་ཁམས་ཆོས་ཀྱི་དགའ་ཚལ་ཆེན་མོ་ནས།།

དོན་གྱི་ཤན་པ་ང་དང་ང་འདྲ་བར།།

ཚིགས་སུ་བཅད་པ་འགའ་ཡང་མི་མཁྱེན་པར།།

གཞོན་ནུའི་ལུས་ལ་ཆགས་པ་ཨེ་མ་ཧོ།།

ཚེ་རབས་ལས་ཀྱིས་དེད་ནས་ཁྱོད་ཀྱི་རྗེས།།

བསྐལ་བ་སྔོན་ནས་འགྲིག་གམ་གྲིབ་མ་བཞིན།།

ང་ཡི་སྙིང་ཆུང་དམར་ཤའི་འཕག་འཚག་འདི།།

ཡང་ཡང་མི་འབྲལ་འགྲོགས་པ་ཅི་ཡིས་ལན།།

པདྨའི་ཚལ་འདིར་པདྨའི་མིང་ཅན་གྱིས།།

ཅི་འདྲར་མཚར་སྡུག་དགེ་འདུན་རྒྱན་དུ་འཁོད།།

ཟབ་གསང་རྫོགས་པ་ཆེན་པོ་ཆོས་ཀྱི་ཚལ།།

ཡིན་ཡང་སེམས་འདི་གཞན་དུ་བགྲོད་དོན་ཅི།།

ལྷ་མཆོག་དངོས་ཀྱི་དྲུང་དུ་བསླེབས་ནའང་།།

སངས་རྒྱས་སྟོང་གིས་ཉི་འོད་སྤྲོས་ན་འདྲ།།

མཁའ་འགྲོ་འབུམ་གྱིས་བརྩེ་བས་སྐྱོང་ཡང་རུང་།།

ཡིད་ཀྱི་ངོས་སུ་ཁྱོད་ཀྱི་ཞལ་ལས་མེད།།

དཔེ་ཆའི་མིང་འཛིན་གཤོག་ཆག་བྱེའུ་ང་།།

རྒྱང་རིང་འཇོལ་མོའི་ཕྱོགས་སུ་འཕུར་གྲབས་བྱས།།

མདུན་གྱི་ཁྲ་གླག་རྒོད་པོའི་ཉམས་འགྱུར་གྱིས།།

ཡང་ཡང་བསྐྱོད་པར་འདོད་ཀྱང་སེམས་འདི་འཚུབ།།

ན་ཟུག་ལུས་ལ་ཐིམས་ནས་ལོ་ཟླའི་བར།།

དྲན་པ་ཚིག་ལ་སྐུར་བཞིན་ཚེ་ཕྱེད་ཙམ།།

ཁྱོད་ཀྱི་ཞལ་རས་འོད་མདངས་དཀར་པོ་དེ།།

ཡིད་ཀྱི་མཚོ་མོའི་དཀྱིལ་ནས་བསིལ་སྦྱིན་མཁན།།

ཚེག་བར་རེ་ལ་ཁྱོད་ཀྱི་འཛུམ་ཚུགས་དོད།།

ཚིག་རྒྱན་རེ་རེས་ཁྱོད་ཀྱི་གཤིས་ཀ་སྟོན།།

ཡིན་ཡང་ཚིག་མཁན་ང་རང་ཞན་ཆེ་བའི།།

དོད་པའི་ཉམས་དང་གཤིས་ཀ་སྟོན་པར་དཀའ།།