( 《ཁམས་པའི་འཛུམ་མདངས》འདོན་ཐེངས་བཞི་བརྒྱ་ཞེ་གཉིས་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)བདུན་པ་ས་ཞིང་གི་དངོས་ལུགས་ཀྱི་རང་བཞིན་ཐད་ནས། ནང་གི་འབྱར་ཤུགས་ཞེས་ས་ཡི་ནང་རོལ་དུ་ས་རྡུལ་དང་ས་རྡུལ་བར་གྱི་ཕན་ཚུན་འཐེན་ཞིང་འབྱར་བའི་ནུས་གཤིས་དང་། ཕྱིའི་འབྱར་ཤུགས་ཞེས་ས་རྡུལ་རང་ཕྱིའི་དངོས་པོ་གཞན་ལ་འབྱར་བའི་ནུས་པ། དབྱིབས་བསྒྱུར་ཐུབ་པའི་རང་བཞིན་ཞེས་རླན་བཞའ་ཚད་ངེས་ཅན་གྱི་སྐབས་སུ་ཕྱིའི་ཤེད་ཤུགས་དབང་གིས་བཟོ་ལྟ་སྣ་ཚོགས་པར་སྒྱུར་ཆོག་ཅིང་ཕྱིའི་ཤེད་ཤུགས་མེད་པའམ་སྐམ་པོར་གྱུར་སྐབས་སུའང་བསྒྱུར་པའི་བཟོ་ལྟ་དེ་ག་རང་གནས་པའི་ནུས་གཤིས། སྦོས་འཁུམས་རང་བཞིན་ཞེས་ས་ཞིང་གི་རླན་གཤེར་འཇིབས་རྗེས་བོངས་ཚད་སྦོས་པ་དང་བསྐམས་དུས་བོངས་ཚད་འཁུམས་པའི་གཤིས་ཀ། གླན་གནོན་གྱི་རང་བཞིན་ཞེས་ས་རྡུལ་རང་ཉིད་ཀྱི་ལྗིད་ཤུགས་དང་། ཆར་ཆུས་གཤེར་པ། མི་ཕྱུགས་ཀྱིས་འབོགས་པ། གཞན་གྱིས་བཙིར་གནོན་བྱེད་པ་སོགས་ཀྱིས་ས་ཞིང་སོབ་སོབ་ནས་དམ་པར་འགྱུར་བ་དང་བུག་སྲུབས་ཇེ་ཆུང་དུ་འགྱུར་པའི་རྣམ་པ་སོགས་ཀྱི་ཁྱད་ཆོས་ཡོད། ས་ཞིང་གི་ནང་གི་འབྱར་ཤུགས་ཀྱི་རང་བཞིན་ནི་རླན་གཤེར་ཆེ་ཆུང་དང་། སའི་རྒྱུ་སྤུས། སྐྱེ་ལྡན་རྫས་བཅུད་འདུས་ཚད། གྲུབ་ཚུལ་སོགས་དང་འབྲེལ་བ་ཡོད་ཅིང་། ས་ཞིང་སྐམ་པོའི་སྐབས་སུ་ཆུ་སྐྱི་ཇེ་སྲབ་དང་ས་རྡུལ་བར་གྱི་འཐེན་ཤུགས་ཇེ་ཆེར་གྱུར་པས་ནང་གི་འབྱར་ཤུགས་དྲག་པོ་ཡོད་པའི་རྣམ་པ་དོད།