国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་སའི་ངོ་སྤྲོད་སྙིང་བསྡུས་བཞུགས་སོ།།

སའི་རྒྱུ་སྤུས་ཐད་ནས་ས་ཚི་མང་བའི་ཞིང་དུ་ས་རྡུལ་རྡོག་པོའི་ཕྱི་ངོས་རྒྱ་ཁྱོན་དང་ས་རྡུལ་ཕན་ཚུན་ཐུག་པའི་ངོས། ཕན་ཚུན་འཐེན་པའི་ཤུགས་རྣམས་ཆེ་བས་ནང་གི་འབྱར་ཤུགས་ཆེ་ལ། ཧ་ཅང་སྐམ་པོའི་སྐབས་སུ་ནང་གི་འབྱར་ཤུགས་ཤིན་ཏུ་ཆེ་ཞིང་ས་ཞིང་ཧ་ཅང་སྲ་མཁྲེགས་ཅན་དུ་འགྱུར། བྱེ་ས་ལ་ནང་གི་འབྱར་ཤུགས་ཤིན་ཏུ་ཞན་ཞིང་། རློན་པའི་སྐབས་སུ་ད་གཟོད་གཞི་ནས་ཆུའི་ནུས་པའི་དབང་གིས་འབྱར་ཤུགས་ཆུང་ངུ་ལྡན་པར་འགྱུར། རུལ་མྱགས་ཅན་གྱི་ས་ཞིང་གི་ནང་གི་འབྱར་ཤུགས་བྱེ་ས་ལས་ཆེ་ཞིང་ས་ཚི་ཅན་ལས་ཆུང་བ་ཡིན་ནོ།། ཕྱིའི་འབྱར་ཤུགས་ནི་ས་ཞིང་བཞའ་སྤབས་ལྡན་སྐབས་ད་གཟོད་འབྱུང་ཞིང་། དེས་རྨོ་ལས་སྐབས་སུ་ལག་ཆར་འབྱར་བ་དང་། འགོག་ཤུགས་ཇེ་ཆེར་འགྱུར་བ། རྨོས་སྤུས་ཞན་པོར་འགྱུར་བ་སོགས་ཀྱི་གནོད་པ་སྐྱེད། དེ་ནི་ས་རྡུལ་དང་། ཕྱིའི་དངོས་པོ། དེ་གཉིས་བར་གྱི་ཆུ་གསུམ་གྱི་ཕན་ཚུན་འཐེན་ཤུགས་ལ་བརྟེན་ནས་འབྱུང་བ་ཡིན་པས་འབྱར་ཤུགས་ཆེ་ཆུང་ཡང་གཙོ་བོ་སའི་རློན་ཤས་ཆེ་ཆུང་དང་སའི་རྒྱུ་སྤུས་གཉིས་དང་འབྲེལ་བ་ཡོད། ས་ཞིང་སྐམ་པོར་ཕྱིའི་འབྱར་ཤུགས་མེད་ཅིང་རློན་ཤས་ཇེ་ཆེར་སོང་བ་དང་བསྟུན་ནས་ཇེ་ཆེར་སོང་མཐར་ས་འདམ་མྱགས་བཞུར་པའི་རྣམ་པ་ཅན་དུ་གྱུར་སྐབས་ཕྱིའི་འབྱར་ཤུགས་མེད་པར་འགྱུར་འགྲོ། ས་ཚི་མང་བའི་ས་ཞིང་གི་ཕྱིའི་འབྱར་ཤུགས་ཆེ་བ་ཡིན། དབྱིབས་བསྒྱུར་ཐུབ་པའི་རང་བཞིན་ནི་སའི་རྒྱུ་སྤུས་དང་རླན་གཤེར་ཆེ་ཆུང་དག་དང་འབྲེལ་བ་ཡོད། ས་ཚི་མང་པའི་སར་བསྒྱུར་ཐུབ་པའི་རང་བཞིན་ལྡན་སླ་ལ་དྲག་པོ་ཡོད། ས་སྐམ་པོར་ཆུ་ཉུང་ཆེ་བ་དང་འདམ་མྱགས་ལ་ཆུ་མང་དྲགས་པས་དབྱིབས་བསྒྱུར་ཐུབ་པའི་རང་བཞིན་མེད། སྐྱེ་ལྡན་རྫས་བཅུད་ལ་ཆུ་འཇིབ་པའི་ནུས་པ་ཆེ་པས་ས་ཞིང་གི་དབྱིབས་བསྒྱུར་ཐུབ་པའི་རང་བཞིན་གྱི་རློན་ཚད་ཇེ་མཐོར་གཏང་བ་ལ་ཕན་ཐོགས་ཆེ། ས་ལ་དབྱིབས་བསྒྱུར་ཐུབ་པའི་རང་བཞིན་དང་ལྡན་སྐབས་རྨོས་ན་ས་ཞིང་གི་གྲུབ་ཚུལ་ལ་གཏོར་བརླག་གཏང་བ་དང་། སྤོ་ཐོ་མང་པོ་ལང་པ། ས་སྲ་མཁྲེགས་ཅན་དུ་འགྱུར་བ། ས་ཞིང་གི་རྒྱུ་སྤུས་ཇེ་སྡུག་ཏུ་སོང་བ་སོགས་ཀྱི་གནོད་པ་འབྱུང་བ་ཡིན། ས་ཞིང་གི་སྦོས་འཁུམས་རང་བཞིན་ནི་ས་ཚི་ཅན་གྱི་ས་ཞིང་ལ་མངོན་གསལ་དོད་ཅིང་དེ་ནི་ཚི་རྡུལ་གྱི་གཏེར་རྒྱུ་དང་འབྲེལ་བ་ཆེ། རློན་སྦོས་སྐམ་འཁུམས་དྲག་པའི་ས་ཞིང་གིས་རྩི་ཤིང་ལོ་ཏོག་གི་རྩད་པའི་མ་ལག་ལ་རྨས་སྐྱོན་གཏང་ཉེན་ཆེ་ལ་ས་ཞིང་གི་དངོས་ལུགས་རང་བཞིན་ཡང་ཇེ་སྡུག་ཏུ་གཏང་སྲིད། ཞིང་ས་སྦོས་དྲགས་ན་ཆུ་རླུང་གི་འགུལ་སྐྱོད་དང་དྲོད་ཚད་བརྗེ་རེས་ལའང་བཀག་འགོག་བྱེད། གླན་གནོན་རང་བཞིན་གྱི་རྟགས་མཚན་མངོན་གསལ་དོད་པོ་ཞིག་ལ་ས་ཞིང་གི་བུག་སྲུབས་གནས་ཚུལ་ལ་འགྱུར་བ་འབྱུང་བ་སྟེ། དེས་སྤྱིའི་བུག་སྲུབས་ཚད་དང་བུག་སྲུབས་ཆེན་པོ་ཉུང་དུ་འགྲོ་བ་དང་བུག་སྲུབས་ཀྱི་རྒྱུན་མཐུད་པའི་ནུས་པ་ཞན་པོར་འགྱུར་བ་བཅས་ཀྱིས་ས་ཞིང་གི་དངོས་ལུགས་ཁྱད་ཆོས་ཇེ་སྡུག་དང་། ཆུ་རླུང་རྒྱུ་བའི་ནུས་པ་ཇེ་ཞན། སྐྱེ་དངོས་ཀྱི་གསོན་ཚད་དང་འཚོ་བཅུད་ཕན་ནུས་ཅན་དུ་འགྱུར་ཚད་ཇེ་ཉུང་བཅས་སུ་བསྒྱུར་སྲིད་པར་མ་ཟད། རྩི་ཤིང་ལོ་ཏོག་གི་བ་ཐག་རྒྱས་པ་ལ་བཀག་རྒྱ་ཐེབས་པ་དང་། རྨོ་ལས་དཀའ་བ། ས་ཞིང་སྤྱིའི་སྤུས་ཀ་ལ་རྐྱེན་ངན་པ་ཐེབས་པ་བཅས་ལའང་བསྒྱུར་བ་ཡིན། ས་ཞིང་གི་གླན་གནོན་རང་བཞིན་འབྱུང་སྟངས་ལ་གནས་ཚུལ་གཉིས་སུ་ཕྱེ་ཆོག་པ་སྟེ། གཅིག་ནི་རླན་གཤེར་འདང་ངེས་ཅན་གྱི་ས་ཞིང་དུ་གནོན་ཕོག་པའི་རླན་གཤེར་གྱི་ཆ་རྣམས་གནོན་མ་ཕོག་པའི་ཕྱོགས་སུ་དེད་དེ་ས་ཞིང་གི་བོངས་ཚད་བཅུམས་པ་དང་། གཞན་ཞིག་ནི་རླན་གཤེར་མི་འདང་བའི་ས་ཞིང་ན་ས་རྡུལ་སྒྲིག་སྟངས་སོབ་སོབ་ནས་དམ་པོར་གྱུར་པ་ཡིན། ས་ཞིང་གི་གླན་གནོན་རང་བཞིན་ནི་རླན་གཤེར་མ་གཏོགས་ད་དུང་སའི་རྒྱུ་སྤུས་དང་གཏེར་རྒྱུའི་རིགས། སྐྱེ་ལྡན་རྫས་བཅུད་འདུས་ཚད་སོགས་དང་ཡང་འབྲེལ་བ་ཡོད་པ་སྟེ། ས་ཚི་མང་བ་དང་སྐྱེ་ལྡན་རྫས་བཅུད་འདུས་ཚད་ཉུང་བའི་ས་ཞིང་གླན་གནོན་བྱེད་བདེ་བ་ཡིན། གླན་གནོན་རང་བཞིན་སྔོན་འགོག་བྱེད་པ་ལ་ས་ཞིང་རླན་གཤེར་ཆེན་པོའི་སྐབས་སུ་རྨོ་སློག་དང་ཞིང་ལས་མི་བྱེད་པའམ་ཡང་ན་བྱེད་གྲངས་ཇེ་ཉུང་དུ་བཏང་བ། སོ་ནམ་བྱེད་སྐབས་སུ་གླན་རྒྱ་ཇེ་ཆུང་འགྲོ་ཐབས་བྱེད་པ།འཕྲུལ་ཆས་ཀྱིས་རྨོད་དུས་མགྱོགས་ཚད་རན་པོ་བྱེད་པ། རྒྱུན་ལྡན་གྱི་རྨོ་སྟངས་དང་དམིགས་བསལ་དུ་གདིང་ཟབ་པོར་རྨོ་བ་གཉིས་ཟུང་དུ་འབྲེལ་བ། སྐྱེ་ལྡན་ལུད་བཀྲམ་པ། རྨོ་ཆས་ཡང་པ་སྤྱོད་པ་སོགས་ཀྱི་ཐབས་ཤེས་གང་ལེགས་བྱེད་ཆོག་གོ།

བརྒྱད་པ་ས་ཞིང་གི་བུལ་སྐྱུར་གྱི་ཁྱད་ཆོས་ལ། ས་ཞིང་གི་སྐྱུར་གྱི་ཚད་མང་བ་དང་། བུལ་གྱི་ཚད་མང་བ། དེ་གཉིས་ཆ་མཉམ་པ་བཅས་རྣམ་པ་གསུམ་ཡོད་ཅིང་། དེ་ནི་ས་ཞིང་གི་ཁྱད་ཆོས་གལ་ཆེ་བ་ཞིག་ཡིན། དེས་ས་ཞིང་གི་འཚོ་བཅུད་ཕན་ནུས་ཅན་དུ་འགྱུར་བ་དང་། ལོ་ཏོག་འཚར་ལོངས་ཡོང་བ་སོགས་ལ་ཤུགས་རྐྱེན་མངོན་གསལ་དོད་པོ་འདོན་བཞིན་ཡོད། བུལ་སྐྱུར་མང་ཉུང་གི་ཚད་ནི་ས་ཞིང་གི་ཞུན་མའི་ཁྲོད་ཀྱི་ཆིང་གྱེས་རྡུལ་དང་ཆིང་དབྱང་གྱེས་རྡུལ་གར་སླ་ལ་རག་ལས་པ་སྟེ། གལ་ཏེ་ཆིང་གྱེས་རྡུལ་གྱི་གར་ཚད་ཆིང་དབྱང་གྱེས་རྡུལ་གྱི་གར་ཚད་ལས་མཐོ་ན་སྐྱུར་བའི་རང་བཞིན་ཅན་དང་། དེ་ལས་ལྡོག་ན་བུལ་གྱི་རང་བཞིན་ཅན། ཆ་མཉམ་ན་བར་མའི་རང་བཞིན་ཅན་གྱི་རྣམ་པ་དོད་པ་ཡིན། ས་ཞིང་གི་བུལ་སྐྱུར་རང་བཞིན་གྱིས་ས་ཞིང་གི་ལུད་ཤེད་ཆེ་ཆུང་དང་། ས་ཞིང་གིས་ལོ་ཏོག་གི་འཚར་ལོངས་ལ་ནུས་པ་ཐོན་པ་ལའང་ཕན་ནུས་ཐོན་པ་སྟེ། ས་ཞིང་ཁྲོད་ཀྱི་གཞི་རྒྱུ་ཏན་སོགས་འཚོ་བཅུད་རྣམས་སྐྱེ་དངོས་ཕྲ་མོས་དབྱེ་ཕྲལ་བྱེད་པར་བརྟེན་ནས་ཕན་ཐོགས་ཡོད་པའི་འཚོ་བཅུད་དུ་འགྱུར་དགོས་ཤིང་། སྐྱེ་དངོས་ཕྲ་མ་ཕལ་མོ་ཆེ་ནི་བུལ་སྐྱུར་ཆ་མཉམ་པའི་བར་མའི་རང་བཞིན་ཅན་གྱི་ཁོར་ཡུག་ཏུ་འགུལ་སྐྱོད་དྲག་པོ་བྱེད་ཐུབ་པས་འཚོ་བཅུད་རིགས་མང་པོ་ཞིག་བུལ་སྐྱུར་ཆ་མཉམ་སྐབས་སུ་ཕན་ཐོགས་ཆེས་ཆེན་པོ་འབྱུང་། དེ་བཞིན་བུལ་སྐྱུར་བྲིན་མཐོ་ན་ས་ཞིང་གི་ལུད་བཅུད་འཛིན་པ་དང་ལུད་བཅུད་མཁོ་འདོན་བྱེད་པའི་ནུས་པ་འཕེལ་བ་ཡིན།

དགུ་པ་ས་ཞིང་གི་ལུད་ཤེད་ཅེས་པ་ནི་ས་ཞིང་གི་རྩི་ཤིང་ལོ་ཏོག་གི་འཚར་ལོངས་ལ་འཚོ་བཅུད་ཀྱི་ཆ་རྐྱེན་དང་ཁོར་ཡུག་གི་ཆ་རྐྱེན་མཁོ་འདོན་དང་སྙོམས་སྒྲིག་བྱེད་པའི་ནུས་པ་སྟེ། སྟབས་བདེ་མོ་བྱས་ན་ས་ཞིང་གི་རྩི་ཤིང་ལོ་ཏོག་ལ་འཚོ་བཅུད་འདོན་པའི་ནུས་པ་ལ་ཟེར། འཚོ་བཅུད་ཀྱི་ཆ་རྐྱེན་ཞེས་པ་ནི་ཆུ་དང་བཅུད་ལ་ཟེར་ཞིང་། ཁོར་ཡུག་གི་ཆ་རྐྱེན་ཞེས་པ་ནི་དྲོད་ཚད། མཁའ་དབུགས། རླན་བཞའ། བུལ་སྐྱུར་གྱི་ཚད། ས་ཚགས་དམ་ལྷོད། གཙང་བཙོག་སོགས་ཀྱི་གནས་ཚུལ་ཏེ། དེ་ལས་འཚོ་བཅུད་དང་། ཆུ། མཁའ་དབུགས། དྲོད་ཚད་བཅས་ནི་ལུད་ཤེད་ཀྱི་རྩ་བའི་རྒྱུ་རྐྱེན་བཞི་ཡིན། ས་ཞིང་གི་འཚོ་བཅུད་ལ་རྫས་ཆ་ཏན་(N)དང་། ལིན།(P) ཅཱ། (K)ཀལ(Ca)མཱེ།(Mg) མུ་སི(S)སོགས་རྩི་ཤིང་ལོ་ཏོག་ལ་དགོས་གལ་ཆེ་ཞིང་དགོས་ཚད་མང་བའི་རིགས་དང་། ཚ་ལ། (B)མཱན།( Mn) མོལ།(Mo) ཏི་ཚ། (Zn) ཟངས།(Cu ) ལྕགས(Fe)སོགས་གཞི་རྒྱུ་ཕྲ་མོའི་རིགས་རྣམས་ཡོད། དེ་ལས་ཏན་ནི་རྩི་ཤིང་ལ་ཅུང་མང་པོ་དགོས་པའི་འཚོ་བཅུད་གཞི་རྒྱུ་ཞིག་སྟེ། མཚོ་བོད་མཐོ་སྒང་ས་འཁྱག་སའི་ས་ཞིང་དུ་རྨོ་བའི་རིམ་པར་ཆ་སྙོམས་སུ་ས་སྟོང་ཁེ་རེར་ཏན་ཁེ་ཐིག་ཚེག་ལྔ་ནས་གཉིས་ཚེག་བདུན(༠.༥-༢.༧g/㎏)བར་འདུས་ཡོད་ཅིང་རྒྱལ་ཡོངས་ལས་འདུས་ཚད་ཆེས་མཐོ་བའི་གནས་ཡིན། དེ་བཞིན་ལིན་དང་ཅཱ་རྣམས་ཀྱང་ལོ་ཏོག་གི་འཚར་ལོངས་ལ་དགོས་གལ་ཤིན་ཏུ་ཆེ་བའི་གཞི་རྒྱུའི་རིགས་ཏེ། རྒྱལ་ཡོངས་སུ་ཤར་ལས་ནུབ་དང་ལྷོ་ལས་བྱང་གི་ཕྱོགས་ཀྱི་ཞིང་ས་རྣམས་འདུས་ཚད་མཐོ་བ་ཡིན་ནོ།། ས་ཞིང་གི་ཆུའམ་རླན་གཤེར་འགུལ་སྐྱོད་ནི། ས་ཞིང་གི་གྲུབ་ཆ་གལ་ཆེ་བའི་དངོས་པོ་ཞིག་ཡིན། སྤྱིར་བཏང་གོ་ལ་ཧྲིལ་བོའི་ལོ་གཅིག་གི་ཆར་ཆུ་བབས་ཚད་ནི་ཧའོ་སྨི་ཆིག་སྟོང་ཆིག་བརྒྱ་སུམ་ཅུ(༡༡༣༠㎜)ཡིན་ཞིང་། ལོ་གཅིག་གི་རླངས་འགྱུར་ཚད་ཀྱང་ཕལ་ཆེར་དེ་དང་འདྲ་བཞིན་ཡོད། གོ་ལའི་ངོས་སུ་གསོག་པའི་ཆུ་ཡི་བོངས་ཚད་སྤྱི་ལ་སྟོང་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་བཅུ་བཞི(༡.༤ ×༡༠༩ km3)ཡོད་པ་སྟེ། དེ་ལས་ས་ཞིང་གི་ཆུ་ལ་སྟོང་སྨི་གྲུ་བཞི་ལྷམ་པ་ཁྲི་ལྔ་དང་སྟོང་དྲུག་ལྔ་བརྒྱ(༥.༦༥×༡༠༤ km3)ཡོད་ཅིང་། སྐམ་སའི་སྐྱེ་དངོས་ཀྱིས་ལོ་གཅིག་ལ་ཆུ་ལོངས་སུ་སྤྱོད་ཚད་ནི་སྟོང་སྨི་གྲུ་བཞི་ལྷམ་པ་བཞི་ཁྲི་བཞི་སྟོང་བཞི་བརྒྱ(༤.༤༤ ×༡༠༤ km3)ལ་སླེབས་པས། གལ་ཏེ་ས་སྒྲེན་ངོས་ནས་རླངས་པར་འགྱུར་པའི་ཆུ་དང་ས་ཞིང་ཁྲོད་དུ་སྐྱེ་དངོས་ཀྱིས་ལོངས་སུ་སྤྱོད་མི་ཐུབ་པའི་ཆུ་རྣམས་ཕུད་ན་ས་ཞིང་གི་གསོག་ཆུ་ཡིས་རྩི་ཤིང་གི་དགོས་མཁོ་སྐོང་ཐུབ་བཞིན་མེད། ས་ཞིང་གི་ཆུ་ཡི་བསགས་ཚད་ཀྱིས་རྩི་ཤིང་ལོ་ཏོག་གི་དགོས་མཁོ་སྐོང་བ་ལ་མི་འདང་བར་གྱུར་པ་ནི་དེང་སང་ཁོར་ཡུག་གི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཅིང་། མི་ཚོས་ས་ངོས་སུ་བཞུར་བཞིན་ཡོད་པའི་ཆུ་ཡིས་ཁ་གསབ་བྱེད་ཐབས་སྤྱད་ནས་ཐག་གཅོད་བཞིན་ཡོད། ས་ཞིང་གི་ཆུའམ་གཤེར་གཟུགས་ནི་མཚམས་མི་བཞག་ནས་འགུལ་སྐྱོད་བྱེད་བཞིན་ཡོད། དེའི་འགུལ་སྐྱོད་ཀྱི་གནས་ཚུལ་ལ་ཆུ་འདང་བའི་འགུལ་སྐྱོད་དེ། བུག་སྲུབས་ཡོངས་སུ་ཆུས་བཀང་པའི་སྐབས་ཀྱི་འགུལ་སྐྱོད་དང་། ཆུ་མི་འདང་བའི་འགུལ་སྐྱོད་དེ་བུག་སྲུབས་ཁ་ཤས་སུ་མ་གཏོགས་ཆུ་མེད་པའི་འགུལ་སྐྱོད་བཅས་རྣམ་པ་གཉིས་སུ་ཕྱེ་ཆོག། ཚངས་ཕྱེད་ཧའོ་སྨི་གཅིག་ཡིན་པའི་བུག་སྲུབས་ཀྱི་ཆུའི་བཞུར་ཚད་ནི་ཚངས་ཕྱེད་ཧའོ་སྨི་ཐིག་ཚེག་གཅིག་ཡིན་པའི་བུག་སྲུབས་ཁྲི་གཅིག་གི་ཆུ་ཡི་བཞུར་ཚད་དང་མཚུངས་བཞིན་ཡོད་པས་ཆུ་འདང་བའི་ས་ཞིང་དུ་ཆུའི་འགུལ་སྐྱོད་ལ་ས་བུག་ཆེན་པོས་བྱེད་ནུས་གཙོ་བོ་འདོན་བཞིན་ཡོད། ནམ་རྒྱུན་ས་ཞིང་ཁྲོད་ཀྱི་ཆུའི་འགུལ་སྐྱོད་ཕལ་མོ་ཆེ་ནི་ཆུ་མི་འདང་བའི་འགུལ་སྐྱོད་རྣམ་པར་གནས་ཡོད། ཆུ་ས་ཞིང་དུ་ཐོན་རྗེས་ས་གསེང་དུ་གང་སར་གྲོལ་བ་དང་། རྩད་པའི་ངོས་སུ་ཆུ་མཁོ་འདོན་བྱེད་པ། རླངས་པར་གྱུར་ནས་ས་ངོས་སུ་རླན་གཤེར་འདྲེན་པ་སོགས་ཀྱི་འགུལ་སྐྱོད་ལ་ཆུ་མི་འདང་བའི་འགུལ་སྐྱོད་བྱེད་སྟངས་ཀྱིས་བཀོད་སྒྲིག་བྱེད་བཞིན་ཡོད། ས་ཞིང་ཁྲོད་ཀྱི་ཆུ་ནི་ད་དུང་རླངས་པའི་རྣམ་པའི་སྒོ་ནས་འགུལ་སྐྱོད་བྱེད་ཐུབ། རླངས་པ་ནི་གཞར་ཡང་དྲོད་ཚད་མཐོ་ས་ནས་དམའ་སའི་ཕྱོགས་ལ་མཆེད་ཅིང་དྲོད་ཚད་དམའ་སར་སླེབས་རྗེས་སླར་ཡང་གཤེར་གཟུགས་སུ་འགྱུར་བ་ཡིན། ས་ཞིང་དུ་རླངས་པའི་འགུལ་སྐྱོད་ལ་རྣམ་པ་མི་འདྲ་བ་གཉིས་ཙམ་ཡོད་པ་སྟེ། གཅིག་ནི་ཉིན་མོ་ཉི་འོད་དྲོ་སྐབས་སའི་ཐོག་ངོས་ཀྱི་ཆུ་རྣམས་རླངས་པར་གྱུར་ཏེ་སའི་རློན་ཤས་ཇེ་ཉུང་དུ་འགྱུར་ཞིང་། མཚན་མོར་སའི་ཐོག་ངོས་དྲོད་ཚད་མར་བབས་ཏེ་ས་འོག་གི་དྲོད་ཚད་ལས་དམའ་བར་འགྱུར་བ་ན། རླངས་པ་རྣམས་ས་འོག་ནས་སའི་ཐོག་ངོས་ཕྱོགས་སུ་འགུལ་ཞིང་གྲང་ངར་དང་འཕྲད་པས་རློན་པར་གྱུར་ཏེ་ཉིན་མོར་བསྐམས་པའི་ས་ངོས་སླར་ཡང་རླན་གཤེར་ལྡན་པར་བྱེད། རྣམ་པ་གཉིས་པ་ནི་གནམ་གཤིས་འཁྱག་སར་དགུན་ཁར་ཞིང་གི་ས་

ངོས་ཀྱི་རིམ་པ་ཁེངས་ནས་རླངས་གནོན་མར་འགྲིབ་སྟེ་འོག་གི་མ་ཁེངས་པའི་སའི་རླངས་གནོན་ལས་དམའ་བར་གྱུར་པ་ན། འོག་མའི་རླངས་པ་རྣམས་རྒྱུན་མི་ཆད་པར་ཁེངས་པའི་རིམ་པར་འཕྱུར་ཞིང་འཁེངས་པར་གྱུར།དེའི་དབང་གིས་ཁེངས་པའི་རིམ་པའི་རློན་ཤས་ཇེ་མཐོར་འཕར་བ་ཡིན། དེས་ས་ངོས་རིམ་པ་གོང་མའི་རླན་གཤེར་རྒྱས་པའི་ཕན་ནུས་ལ་ཚད་ཡོད་ཀྱང་ས་ཞིང་གིས་དཔྱིད་ཀྱི་ཐན་པའི་གནོད་སྐྱོན་འགོག་པ་ལ་ཕན་ངེས་ཅན་ཞིག་ཐོགས་བཞིན་ཡོད། ཕན་ཐོགས་དེའང་ས་ཞིང་གི་རླན་གཤེར་མང་ཉུང་དང་ཁེངས་དྲག་ཞན་ལ་རག་ལས་པ་སྟེ། རློན་མང་ཞིང་ཁེངས་དྲག་ན་ཕན་ཆེ། འདི་ཡང་ཞིང་པ་ཚོས་དགུན་མ་བབས་ན་དབྱར་མི་སྔོ་ཞེས་ཟེར་དགོས་པའི་རྒྱུ་མཚན་ཞིག་གོ། ས་ཞིང་གི་མཁའ་དབུགས་ཀྱི་ཆ་ནས། ས་ཞིང་དུ་མཁའ་དབུགས་མང་ཉུང་ལ་ས་ཞིང་གི་བུག་སྲུབས་ཆེ་ཆུང་དང་ཆུ་འདུས་མང་ཉུང་གི་ཤུགས་རྐྱེན་བཏོན་པ་སྟེ། བུག་སྲུབས་ཆེ་ཆུང་ཚད་ངེས་ཅན་འོག་ཏུ་ས་ཞིང་གི་མཁའ་དབུགས་མང་ཉུང་དེ་ས་ཞིང་གི་ཆུ་ཡི་འདུས་ཚད་མང་ཉུང་དང་བསྟུན་ནས་འགྱུར་བ་འགྲོ་བ་ཡིན། ཆུ་འདུས་ཇི་ཙམ་མང་ན་མཁའ་དབུགས་དེ་ཙམ་ཉུང་དུ་འགྲོ། ས་ཞིང་གི་མཁའ་དབུགས་ཀྱིང་ཡོང་ཁུངས་ནི་ཕལ་ཆེ་བ་རླུང་ཁམས་ཆེན་པོ་ལས་བྱུང་བས་གྲུབ་ཆའང་ཕལ་ཆེར་རླུང་ཁམས་ཆེན་པོའི་གྲུབ་ཆ་དང་མཚུངས་མོད། འོན་ཀྱང་དབུགས་གཟུགས་འགའ་ཞིག་གི་ཐད་ནས་ཁྱད་པར་ཡང་ཡོད། ས་ཞིང་གི་མཁའ་དབུགས་སུ་དབྱང་གཉིས་ཐཱན་རྫས་རླུང་ཁམས་ཆེན་མོ་ལས་འདུས་ཚད་བཅུ་ཕྲག་མང་བ་དང་། དབྱང་རླུང་གི་གར་ཚད་རླུང་ཁམས་ཆེན་མོ་ལས་དམའ་ཞིང་རླངས་པའི་འདུས་ཚད་རླུང་ཁམས་ཆེན་མོ་ལས་མཐོ། རླུང་ཁམས་ཆེན་མོའི་གྲུབ་ཆ་ཅུང་བརྟན་པོ་ཡིན་ཡང་ས་ཞིང་གི་མཁའ་དབུགས་ཀྱི་གྲུབ་ཆ་ནི་ཡུལ་དུས་དང་བསྟུན་ནས་རྒྱུན་མི་ཆད་པར་འགྱུར་ལྡོག་འགྲོ་བ་ཡིན། ས་ཞིང་གིས་དུས་དང་རྣམ་པ་ཀུན་ཏུ་ཕྱི་རོལ་ཡུལ་གྱི་བར་དུ་དངོས་པོ་དང་ནུས་ཚད་བརྗེ་རེས་བྱེད་བཞིན་ཡོད། ས་ཞིང་གི་མཁའ་དབུགས་དང་རླུང་ཁམས་ཆེན་པོའི་མཁའ་དབུགས་གཉིས་ཕན་ཚུན་རྒྱུན་མི་ཆད་པར་བརྗེ་རེས་བྱེད་པའི་ནུས་པ་ལ་མཁའ་དབུགས་རྒྱུ་བའི་ནུས་པ་ཟེར།། ༼ མུ་འགོད།༽