གྲང་རླུང་བསིལ་བསིལ་ལྡང་བའི་ནམ་ཟླ་ཞིག་ལ།།
ཁུ་འཕངས་ཐན་ཐུན་བབས་པའི་ཕྱི་དྲོ་ཞིག་ལ།།
རོལ་དབྱངས་ཏུག་རིང་ཞིག་ལ་རྣ་བ་གླགས་ཏེ།།
དབྱངས་ཀྱི་སྟེགས་བུའི་གདན་ལ་སེམས་ངལ་གསོས་ཡོད།།
སེམས་ཀྱི་མེ་ལོང་ངོགས་ལ་ཁྱོད་ཉིད་གསལ་ཡོད།།
བྱ་བྱེའུས་ཙིར་ཙིར་སྒྲོག་པའི་དུས་མཚམས་ཤིག་ལ།།
ཆུ་ཕྲན་ཤང་ཤང་བཞུར་བའི་དགུང་དྲོ་ཞིག་ལ།།
སེམས་ཉིད་ཁོལ་མའི་ངོགས་ནས་རྒྱང་ལ་ཅེར་ཏེ།།
སྤྲིན་གྱི་རྒྱ་མཚོའི་དབུས་སུ་ཕོ་བྲང་བཞེངས་ཡོད།།
ཕོ་བྲང་རྒྱ་ཕིབས་འོག་ལ་ཁྱོད་ཉིད་བྲིས་ཡོད།།
སྤྲིན་པ་ལང་ལོང་རྒྱུ་བའི་རྒོངས་མོ་ཞིག་ལ།།
དར་ལྕོག་ལྷབ་ལྷུབ་སྐྱོད་པའི་ས་སྲིབ་ཅིག་ལ།།
ཚིག་གི་མེ་ཏོག་རེ་རེ་ཚོར་བས་རྒུམ་ཏེ།།
ཡིད་ཀྱི་སྡུམ་བུ་དེ་རུ་དྲན་པ་བསྙལ་ཡོད།།
དྲན་པའི་རུ་མའི་ནང་ལ་ཁྱོད་ཉིད་གཅུད་ཡོད།།
མུན་པ་རབ་རིབ་ཡིན་པའི་ས་སྲོས་ཤིག་ལ།།
གློག་འོད་ཆེམ་ཆེམ་འཚེར་བའི་ལྷིང་འཇགས་ཤིག་ལ།།
ཞེན་ཆགས་ཁྲེས་པོའི་ནང་ལ་སེམས་པ་སྦས་ཏེ།།
དགུ་ཚིགས་གཙང་པོའི་རྒྱུད་ནས་རྨི་ལམ་བསྙེགས་ཡོད།།
རྨི་ལམ་ཟ་ཟིའི་ངོགས་ལ་ཁྱོད་ཉིད་བཞེངས་ཡོད།།
ཟླ་འོད་མག་མོག་ཡིན་པའི་སྨག་མཚན་ཞིག་ལ།།
སྐར་ཚོགས་ཤིག་ཤིག་འདར་བའི་ནམ་གུང་ཞིག་ལ།།
ལས་ཀྱི་ཞེན་ཆགས་དམར་པོའི་ཚོར་འདུ་རྒོད་པས།།
ཀུན་རྟོག་སེམས་ཀྱི་རླབས་རིས་ཚིག་ཏུ་བསྡེབས་ཡོད།།
ཚིག་གི་གསང་བ་རེ་རེ་ཁྱོད་ལ་བསྲིངས་ཡོད།།
ཚོར་བ་ཐམ་ཐོམ་ཡིན་པའི་སྐད་ཅིག་ཅིག་ལ།།
སྣང་བ་ར་རི་ཡིན་པའི་བར་སྐབས་ཤིག་ལ།།
འཁྲུལ་བའི་མཛེས་པ་མཐའ་དག་གཅིག་ཏུ་བཅེར་ཏེ།།
དབྱིངས་ཀྱི་མུ་ཏིག་ཚོམ་བུས་ཕྲ་རྒྱན་བཏབ་ཡོད།།
རྒྱན་གྱི་ཁ་དོག་རེ་རེར་ཁྱོད་ཉིད་ཕབ་ཡོད།།
༼ གྱིན་འདའ་བ། ༽