ལོ་ཞག་དབྱངས་ལ་ཆགས་པའི་གཏམ་རྒྱུད་ཀྱི། །
དབུ་ཁྱུད་ཚིག་གི་འབྲུ་མས་ལེགས་བྲིས་ཏེ། །
ཞིམ་མངར་བརྩེ་བས་བརླན་པའི་སྦྲང་རྩི་དོག །
ཚིག་རིས་མེ་ཏིག་སོ་མའི་འདབ་མར་སྦས། །
མིག་ཟུང་བུང་བ་མི་སྡོད་མཁར་འཕུར་བས། །
འོད་འཚེར་ཁ་བའི་འདབ་མ་ཞེར་ཐོགས་པོ། །
ངང་མོ་མཚོ་ལ་འཁོར་བའི་སྟངས་ཀ་ལྟར། །
དྲན་འཛིན་ཡོ་གོར་ནང་དུ་སིམ་སིམ་འབབ། །
མདངས་དཀར་རང་བྱུང་ཁ་བ་མཛེས་རྨད་པོ། །
ཁེར་རྐྱང་སྒེའུ་ཁུང་ངོས་སུ་འཐོར་བའི་ཤུལ། །
སྤྲོས་ཞེན་འགྲོས་ཀྱིས་བཏབ་པའི་རྣམ་རྟོག་རྟས། །
འཚེར་སྐད་ལྷིང་འཇགས་ཡིད་ལུང་ཐོལ་གྱིས་དཀྲོགས། །
ཀུན་རྫོབ་སྣང་བའི་ན་བུན་འཐིབ་པའི་རིར། །
བདེན་ཞེན་རི་དྭགས་བག་ཡངས་རྩེད་བྲོར་རོལ། །
ཡུན་དུ་གཡེང་པའི་ཚེ་རབས་ལས་ཀྱི་ཕྲེང་། །
སྣང་སེམས་དབྱངས་ལ་བསྲེས་པའི་གཏམ་རྒྱུད་སྦྲུམ། །
འཚོ་བའི་མངར་ཁ་ཚོར་བའི་རི་གྲོང་ནས། །
རང་དབང་ཤོག་བྱ་བསྲིངས་པའི་མི་ཧྲེང་བའི། །
ཚེ་ཡི་དར་རྒུད་ཟླ་གཞོན་འཛུམ་པའི་མཐར། །
བཞུར་འཕྲོའི་མི་ཚེ་སྐར་ཕྲན་ཡིད་འཇེབས་པོ། །
ཆུ་བོར་ཆུ་བོས་མཐུད་པའི་བཞུར་རྒྱུན་གྱིས། །
རི་ཆུའི་བརྩེ་སེམས་བསྟིམས་པའི་རང་བྱུང་གླུ། །
བརྩེ་འདང་ཆར་ཟིམ་བངས་པའི་འདབ་མ་བཞིན། །
ཕལ་བའི་འཇིག་རྟེན་གྲོང་དུ་མཛེས་སྡུག་མངོན། །
བཅོས་མིན་གཉུག་སེམས་ཕྱི་གསལ་ནང་མཛེས་ངོས། །
རེས་སྡུག་རེས་སྐྱིད་ཚོར་ཤེས་མུ་ཏིག་ཚོམ། །
དབྱངས་ཀྱི་ཚིག་རིས་བཏབ་པའི་བས་མཐའ་ནས། །
མི་ངོམས་ངག་རིག་ཆང་གིས་མྱོས་ནས་འདུག །
ཞེན་ཆགས་གཡོར་གྲུ་རྒྱུ་བའི་མཚོ་མཐའ་ནས། །
ངང་ངུར་ཁྲུས་ལ་ཞུགས་པའི་དཔྱིད་ཟླ་ནས། །
དབྱངས་གསལ་སྒེག་མོའི་ཞལ་ལ་ཉུག་དང་ལྷན། །
མཛའ་གཅུགས་ཟླ་ཤེལ་ཡིད་མཁར་བསུས་ཏེ་ལུས། །
སྤྲིན་པ་དཀར་གཙང་ཞིག་གི་རུམ་ཕུགས་ནས། །
དྲན་གདུང་པད་མོ་རྒྱས་བསྐྱེད་གྲུ་ཆར་སིམ། །
མི་མངོན་དབྱིངས་ནས་འཐོར་བའི་གསང་བ་སྟེ། །
མཐོང་ཟིན་འཇའ་རིས་མོག་པོ་མི་མཛེས་སམ། །
རི་སུལ་ཤང་ཤང་འབབ་པའི་ཆུ་ཕྲན་དག །
དལ་མེད་སྤང་གཤོང་ནང་དུ་བྲེལ་ འཚུབ་ཀྱིས། །
གང་ཞིག་བོར་འཚོལ་ལས་ལ་ བརྩོན་ཚུལ་ཟླ། །
མཐོང་སྣང་མེ་ལོང་ངོས་སུ་ འདུར་རྒྱུག་བྲེལ། །
༼ དབྱངས་ལྡེའུ། ༽