མཚོ་ཕུ་ལྷ་མཚོ་ནི་གངས་ཅན་ས་ཡི་ཐིག་ལེ་སྨད་མདོ་ཁམས་སྒང་དྲུག་གི་ས་ཡི་ཆར་གཏོགས་པའི་འབའ་མི་འགྱུར་ལྷུན་གྲུབ་རབ་བརྟན་ཡུལ་གྱི་ཡ་གྱལ་གླིང་དཀར་གཤིས་ཀྱི་ཁོངས་སུ་ཡོད་ཅིང་། ད་སྔར་མཚོ་ཕུ་ལ་རྒྱལ་ཁབ་ཀྱི་རིམ་པ་ལྡན་པའི་ནགས་ཚལ་གླིང་གའི་གྲས་སུ་ཚུད་པའི་ཆོག་མཆན་ཐོབ་ཐོག་དེའང་དཀར་མཛེས་ཁུལ་གྱི་དུང་དཀར་ལུང་པའི་རྗེས་ནས་བཙུགས་པའི་རྒྱལ་ཁབ་རིམ་པའི་ནགས་ཚལ་གླིང་ག་ཨང་གཉིས་པར་གྱུར་ཡོད། གནས་དེ་འབའ་ཐང་རྫོང་མཁར་ནས་སྤྱི་ལེ120ཡི་རྒྱང་ཐག་ཡོད་པ་དང་། རྒྱལ་སྲུང་གཞུང་ལམ318པའི་ཉེ་འགྲམ་སྟེ་ཧ་ལམ་སྤྱི་ལེ10ཡས་མས་ཀྱི་ས་མཚམས་སུ་ཡོད་ཅིང་། སྤྱི་ལེ་གྲུ་བཞི་མ4590ཡོད་པའི་ནགས་ཚལ་གླིང་གའི་ཁོངས་གཏོགས་ཀྱི་ཁོ་ར་ཁོར་ཡུག་ཏུ་གངས་རི་མཐོན་པོ་དང་བྲག་རི་བརྗིད་ཆགས་པོ། ནགས་ཀླུང་སྟུག་པོས་ཕྱུག་ཅིང་། མ་ཕམ་གཡུ་མཚོ་གཉིས་པར་གྲགས་པའི་མཚོ་དང་དྭངས་ཤིང་མཛེས་པའི་མཚེའུ་རུ་ཆུ་བྱ་ངང་པ་གཙོས་པའི་བྱ་རིགས་དང་། གཡུ་གཅལ་དུ་བཀྲམ་པ་ལྟར་ཡངས་ཤིང་མཛེས་པའི་སྤང་ལྗོངས་སུ་བྱ་ཝང་གོང་མོ་སོགས་ཀྱིས་སྙན་པའི་གྲེ་འགྱུར་ངོམ་པ་དང་འཕུར་ལྡིང་གར་ལ་རོལ་བཞིན་ཡོད། ཤྭ་བ་དང་དགོ་བ་སོགས་རི་དྭགས་སྣ་ཚོགས་བག་ཡངས་སུ་གནས། ནད་རིགས་བཞི་བརྒྱ་རྩ་བཞི་ལ་ཕན་པའི་ཆུ་ཚན་དང་རིན་ཆེན་གཏེར་དངོས་རྩ་ཆེན། དེ་བཞིན་ལྷ་སྒྲུང་དང་རང་བྱོན་གྱི་དངོས་པོ་འབེལ་ཞིང་གཟི་བྱིན་རབ་ཏུ་འཚེར་བའི་དགོན་ཆུང་དང་སྒྲུབ་ཁང་སོགས་ཀྱིས་ཡུལ་དེ་ལྟ་ན་སྡུག་ཅིང་ཡིད་ཀྱི་དང་བ་འདྲེན་པའི་ལྗོངས་རྒྱུ་དང་གནས་སྐོར་མཆོད་མཇལ་བྱེད་ཡུལ་ངོ་མཚར་ཡིད་འཕྲོག་ཅན་ཞིག་ཏུ་ཆགས་ཡོད་དོ།།