( པར་ངོས་དང་པོར་མཐུད།)སྤྱི་ཚོགས་ཡོངས་སུ་ཕུགས་འདུན་དོན་གཉེར་དང་། འཚོལ་ཞིབ་བྱེད་ཕོད་པ། མཉམ་ལས་འགག་སྒྲོལ། མཉམ་ལས་གཉིས་ཕན་བཅས་ཀྱི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མི་རིགས་ཀྱི་རང་ཡིད་རང་ཆེས་ཀྱི་བསམ་པ་དང་སྤོབས་སེམས་སྔར་བས་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གསུང་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད10པ་ཡོལ་ཙམ་ལ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཕེབས་སྐབས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་དུ་གྲགས། ཞི་ཅིན་ཕིང་སོགས་ཀྱིས་ཚང་མར་བྱམས་བརྩེའི་ངང་ཕྱག་བཏང་བ་དང་འབྲེལ་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདི་ལོའི་སྤྱི་ཟླ6ཚེས25ཉིན་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ལེགས་གྲུབ་བྱུང་ནས་བདེ་བླག་ངང་ཕྱིར་ལོག་བྱས་པར་ངས་རྟེན་འབྲེལ་གློག་འཕྲིན་བཏང་བ་ཡིན། དེ་རིང་ང་དང་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གཞན་དག་ཚོ་ཁྱེད་ཚོར་ལྟ་བར་ཡོང་བ་ཡིན། ངས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་ཁྱེད་ཚོར་སླར་ཡང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཟླ་བའི་ལྷ་མོ་ཨང་དྲུག་པས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དངོས་དཔེ་ཐེངས་དང་པོ་ལེན་པའི་ལས་དོན་ལེགས་པར་བསྒྲུབས་ཤིང་། དེའི་རིང་འགག་རྩའི་ལག་རྩལ་མང་པོ་ཞིག་ལས་ཚད་བརྒལ་བྱུང་ཡོད། དེ་ནི་རང་རྒྱལ་གྱིས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཞན་ཞིག་དང་རང་རྒྱལ་གྱི་ཟླ་དཔྱད་འདུ་འགོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ལོ20ཡི་རིང་ཟླ་དཔྱད་འདུ་འགོད་ཀྱིས་འགག་རྩ་དང་ལྟེ་བའི་ལག་རྩལ་ཁྱབ་ཁོངས་སུ་མུ་མཐུད་འགག་སྒྲོལ་བྱ་རྒྱུར་དམིགས་ཏེ་ལས་དོན་སྤེལ་བ་བརྒྱུད་ཚན་རིག་ཤེས་རྟོགས་དང་། ལག་རྩལ་གསར་གཏོད། འདུ་འགོད་ལག་བསྟར། གྲུབ་འབྲས་གཞན་སྒྱུར། རྒྱལ་སྤྱིའི་མཉམ་ལས་སོགས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་ལམ་བུའང་བཏོད་ཐུབ་ནས། རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་དང་མིའི་རིགས་ཀྱིས་འཇིག་རྟེན་བར་སྣང་ལ་འཚོལ་ཞིབ་བྱེད་པར་བྱས་རྗེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས་མཐའ་ཡས་པའི་འཇིག་རྟེན་དུ་འཚོལ་ཞིབ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་ནི་ང་ཚོས་དོན་གཉེར་ལྷོད་མེད་བྱེད་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་ཞིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག། རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་མི་རབས་མང་པོས་རང་སྟོབས་རང་སྤེལ་དང་རང་བརྟེན་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་ཏེ། འཇིག་རྟེན་འཕུར་སྐྱོད་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་། ཉམས་ཞན་ནས་སྟོབས་ཆེན་བར། “འཆར་གཞི་བཏིང་ནས་ཕུགས་འདུན་འགོད་པ”ནས“འབད་འཐབ་བྱས་ནས་ཕུགས་འདུན་སྒྲུབ་པ”ཡི་བར་ལ་སྐུལ་འདེད་བཏང་བས་ལོ་རྒྱུས་རང་བཞིན་དང་། སྤུས་ཚད་མཐོན་པོ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བཅས་མངོན་འགྱུར་བྱུང་ཡོད་ལ་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་ཐད་གོམ་སྟབས་བརྟན་པོའང་སྤོ་ཐུབ་ཡོད་ཅེས་ནན་གསུང་གནང་བ་རེད།
ཞི་ཅིན་ཕིང་གིས་རླུང་ཁམས་ཆགས་རིམ་གྱི་ཕྱི་རོལ་བར་སྣང་ནི་མིའི་རིགས་ཀྱི་ཐུན་མོང་མངའ་ཁོངས་དང་བར་སྣང་ལ་འཚོལ་ཞིབ་བྱ་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་བྱ་གཞག་ཅིག་རེད། ཟླ་དཔྱད་འདུ་འགོད་ཀྱིས་སྔ་ཕྱི་བར་གསུམ་དུ་འདྲ་མཉམ་གཉིས་ཕན་དང་། ཞི་བདེའི་བེད་སྤྱོད། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཤིང་། “ཟླ་བའི་ལྷ་མོ”ནི་ཀྲུང་གོའི་ཡིན་ལ་མིའི་རིགས་ཡོངས་ལ་དབང་བའང་ཡིན། འདིས་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་མཁོ་འདོན་དང་གོ་ལ་ཧྲིལ་པོའི་དགུང་དབྱིངས་འཚོལ་ཞིབ་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། ང་ཚོས་མུ་མཐུད་བློ་གཤོགས་ཆེན་པོས་རྣམ་པ་སྣ་ཚོགས་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་རླུང་ཁམས་ཆགས་རིམ་གྱི་ཕྱི་རོལ་བར་སྣང་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་སྟེ། འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་གྲུབ་འབྲས་ཀྱིས་མིའི་རིགས་ལ་བདེ་སྐྱིད་སྔར་ལས་ལྷག་པ་སྐྲུན་ཐུབ་པར་བྱ་དགོས་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས་བར་སྣང་འཚོལ་ཞིབ་བྱེད་པར་ནམ་ཡང་ཚར་དུས་མེད། སླད་ཕྱིན་འཇིག་རྟེན་འཕུར་སྐྱོད་འཐབ་ཕྱོགས་ཀྱི་བློ་མཐུན་ཚོས་ཡང་འབད་བསྐྱར་འབད་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ནས་ཟླ་བའི་གོ་ལའི་དངོས་དཔེར་ཚན་རིག་ཞིབ་འཇུག་ཞིབ་ཚགས་བྱེད་པ་དང་། དགུང་དབྱིངས་སུ་འཚོལ་ཞིབ་ཐིག་ལེན་སོགས་འཇིག་རྟེན་འཕུར་སྐྱོད་ཀྱི་འདུ་འགོད་གལ་ཆེན་མུ་མཐུད་ལག་བསྟར་ཡག་པོ་བྱེད་ཅིང་། བར་སྣང་ཚན་རིག་དང་། བར་སྣང་ལག་རྩལ། བར་སྣང་བཀོལ་སྤྱོད་གསུམ་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་པའི་རེ་བ་ཡོད་ཅེས་ནན་གསུང་གནང་བ་རེད།
དེ་རྗེས་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མར་ཕེབས་ནས་ཟླ་བའི་གོ་ལའི་དངོས་དཔེ་དང“དགུང་དབྱིངས་ཟླ་འཛིན·ཟླ་དཔྱད་འདུ་འགོད་ཀྱི་ལོ་ཉི་ཤུ”ཞེས་པའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།
ལི་ཀན་ཅེ་དང་། ལི་ཧྲུའུ་ལེ། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཝུའུ་ཀྲེང་ལུང་བཅས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
ཟླ་དཔྱད་འདུ་འགོད་ལག་བསྟར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་བྱས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ལོ་རྒྱུས་ཐོག་ད་བར་དུ་ལག་རྩལ་ཆུ་ཚད་མཐོ་ཤོས་ཀྱི་ཟླ་དཔྱད་ལས་འགན་ཞིག་ཡིན་པའི་ཟླ་བའི་ལྷ་མོ་ཨང་དྲུག་པས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དངོས་དཔེ་ཐོག་མར་བླངས་ནས་ཕྱིར་ལོག་པས། སླད་ཕྱིན་རང་རྒྱལ་གྱིས་ཟླ་བའི་གོ་ལར་འཚོལ་ཞིབ་དང་རྒྱུ་སྐར་ལ་འཚོལ་ཞིབ་ཐིག་ལེན་བྱེད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།།
( མི་དམངས་དྲ་བ་ནས་དྲངས།)