【གནད་བསྡུས།】དཔྱད་བརྗོད་ལས་དེང་གི་སློབ་གསོའི་ཁྲོད་ཀྱི་དཀའ་གནད་ལ་དམིགས་ཏེ་ཁྱིམ་བདག་དང་དགེ་རྒན་ཚོས་སེམས་ཁམས་རིག་པ་མང་ཙམ་སྦྱངས་ནས་དངོས་སུ་ལག་ལེན་བྱེད་ཐུབ་པའི་སློབ་གསོའི་སེམས་ཁམས་ཀྱི་ཐབས་རྩལ་ཁོང་དུ་ཆུད་པར་འབད་པ།
【གནད་ཚིག】དེང་གི་སློབ་གསོ། ཚད་མཐོའི་དམིགས་ཡུལ། སེམས་ཁམས་རིག་པ།
སེམས་ཅན་མོས་པ་མཐའ་ཡས་པ། །རང་གཞན་མཉམ་བརྗེ་བྱ་དཀའ་བ། །སེམས་ཅན་ཁམས་དང་མཐུན་པ་ཉིད།།ཆོས་ཀུན་གྲོལ་བའི་གནས་ལུགས་ལགས།།ཕྲུ་གུར་སློབ་ཁྲིད་སློབ་གསོ་བྱེད་དཀའ་བས་ཇི་ལྟར་བཤད་ཀྱང་རྣ་བར་མི་འགྲོ་བ།སློབ་སྦྱོང་གི་འབྲས་བུ་མི་ལེགས་པ། ཧུར་བརྩོན་བྱེད་མོས་མེད་པ། ཁྱད་པར་དུ་སེམས་ཁམས་རྙོག་དྲ་ཅན་ཏུ་འགྱུར་བའི་དུས་ད་ལྟ་ཉིད་དུ། དགེ་རྒན་ཕལ་བ་ཞིག་ཡིན་ནའང་འདྲ། འཛིན་བདག་དགེ་རྒན་ཡིན་ནའང་འདྲ། ཐ་ན་ཁྱིམ་བདག་ཅིག་ཡིན་ནའང་འདྲ། ང་ཚོ་སུ་དང་ཀུན་ལའང་སློབ་བུའི་སློབ་གསོ་ལ་དཀའ་ལས་དཀའ་ཁག་དུ་མ་ཕྲད་དང་འཕྲད་བཞིན་པ་ལགས། ད་འདི་འདྲའི་གནད་དོན་ཇི་ལྟར་སེལ་ཐབས་བྱ་དགོས་ཤེ་ན།དེ་ལ་ཁྱིམ་བདག་དང་དགེ་རྒན་ཚོས་སེམས་ཁམས་རིག་པ་མང་ཙམ་སྦྱངས་ནས་དངོས་སུ་ལག་ལེན་བྱེད་ཐུབ་པའི་སློབ་གསོའི་སེམས་ཁམས་ཀྱི་ཐབས་རྩལ་ཁོང་དུ་ཆུད་པར་འབད་པ་གལ་ཆེ་བ་འདུག་སྙམ། ཅིའི་ཕྱིར་ཞེ་ན། ཟས་ཀྱིས་ལུས་གསོ། ཆོས་ཀྱིས་སེམས་གསོ་ལྟ་བུ། དྲྭ་འཕྲུལ་གྱི་དུས་འདིར། ཁ་ཟ་གོས་གྱོན་སོགས་ཀྱི་དཀའ་ལས་ནི་མེད།འདི་དགོས་ཟེར་ན་ལེན་ཆོག་ཆོག་གི་དུས་བཟང་འདིར་སེམས་ཅན་མིའི་སེམས་བསམ་པ་ནི་དེ་ལས་ཀྱང་བཤད་མི་ཤེས་པ་དང་། དཔག་མི་ནུས་པའི་ཉེས་ཟིན་ཅན་ལ་སླེབས། ད་དེ་འདྲའི་གནད་དོན་ལ་དམིགས་ནས་འདིར་རང་གི་སློབ་སྦྱོང་ལས་ཐོབ་པའི་མྱོང་བ་འགའ་ཞུ་བར་བྱའོ།།
གཤམ་གྱི་སེམས་ཁམས་རིག་པའི་ཆོས་ཉིད་མང་ཆེ་བ་ནི་ཚོད་ལྟ་བྱས་པ་ལས་ཐོབ་པའི་སྡོམ་ཚིག་ཡིན་ལ།ཡིད་རྟོན་རུང་ཚད་ངེས་ཅན་ཞིག་ཡོད་པས་ཚོད་ལྟ་ཞིག་བྱེད་ཆོག།
༡ སེམས་ཁམས་ཆོས་ཉིད་དང་པོ། རོ་སེན་ཐར་ནུས་སྣང་།
ཨ་མེ་རི་ཁའི་སེམས་ཁམས་རིག་པ་བ་གྲགས་ཅན་རོ་སེན་ཐར་གྱིས་ཚོད་ལྟ་འདི་འདྲ་ཞིག་བྱས་མྱོང་སྟེ།ཁོས་བྱི་བ་དཀར་པོ་སྐོར་ཞིག་སྐབས་བསྟུན་ངང་ཁག་གཉིས་སུ་བགོས་ཡོད་དེ།ཚོ་ཆུངAདང་ཚོ་ཆུང་Bལ་བགོས།ཚོ་ཆུངAཡི་གསོ་སྐྱོང་པར་བཤད་དོན།ཚོ་ཆུང་འདིའི་བྱི་བ་ཧ་ཅང་སྤྱང་གྲུང་ལྡན་པ་ཞིག་རེད།དུས་མཚུངས་སུ་ཡང་ཚོ་ཆུངBཡི་གསོ་སྐྱོང་པར་ཁྱེད་ཀྱི་ཙི་གུའི་བློ་རིག་སྤྱིར་བཏང་བ་ཞིག་ཡིན་ཞེས་བཤད།
ཟླ་འགའི་རྗེས་སུ།དགེ་རྒན་ཆེན་མོས་ཚོ་ཆུང་འདི་གཉིས་ཀྱི་ཙི་གུ་དེ་མགོ་འཁོར་ཕོ་བྲང་དུ་འཇུག་པའི་ཚོད་ལྟ་བྱེད་སྐབས།ཚོ་ཆུངAཡི་བྱི་བ་དེ་ཚོ་ཆུངBཡི་བྱི་བ་ལས་སྤྱང་བ་ཞིག་ཡིན་པ་ཤེས།དེ་དག་སྔོན་ལ་མགོ་འཁོར་བའི་ཕོ་བྲང་ནས་ཕྱིར་བུད་དེ་ཟས་རིགས་འཚོལ་ཐུབ།
དེ་ནས་དགེ་རྒན་ཆེན་མོ་རོ་སེན་ཐར་ལ་བློ་སྒོ་ཕྱེ་བྱུང་།ཁོང་གི་སེམས་ལ་ཕན་ནུས་དེ་རིགས་ཀྱང་མིའི་ཐོག་ཏུ་ཐོན་ཐུབ་བམ་སྙམ་གྱི་ཡོད་ཅེ་ན།ཁོ་རང་སྤྱིར་བཏང་གི་སློབ་འབྲིང་ཞིག་ཏུ་སླེབས་པ་དང་།འཛིན་གྲྭའི་ནང་ནས་གང་འདོད་དུ་ཐེངས་གཅིག་སོང་བ་དང་།དེ་ནས་སློབ་མའི་མིང་ཐོའི་སྟེང་ནས་མིང་འགའ་བདམས་ཏེ།ཁོ་ཚོའི་དགེ་རྒན་ལ་བཤད་རྒྱུར།སློབ་མ་འདི་ཚོ་རིག་པ་ཧ་ཅང་བཟང་ཞིང་སྤྱང་གྲུང་ལྡན་པ་ཞིག་ཡིན་ཟེར།
དུས་ཚོད་ངེས་ཅན་ཞིག་འགོར་རྗེས།སློབ་དཔོན་ཡང་སློབ་འབྲིང་དེར་སླེབས་ཤིང་།ཡང་བསྐྱར་བྱས་རྗེས་ངོ་མཚར་ཅན་བྱུང་།ཁོས་བདམས་པའི་སློབ་མ་དེ་ཚོ་ད་ལྟ་འཛིན་གྲྭའི་ནང་གི་ཕུལ་བྱུང་ཅན་དུ་གྱུར་འདུག། སྣང་ཚུལ་དེ་རིགས་ཐོན་དོན་ཅི་ཡིན་ཞེ་ན། དེ་ནི་ངོ་མཚར་ཆེ་བའི་འགུག་ཤུགས་འདིས་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་“གསང་བརྡ་”གཏོང་བ་རང་རེད།
དཔྱད་བརྗོད་ལས། རང་ལ་རེ་བ་མཐོན་པོ་ག་ཚོད་ཡོད་ན་ཕྲུ་གུའི་འབྱུང་འགྱུར་གྱི་གྲུབ་འབྲས་ཀྱང་ཆེན་པོ་ཡོང་གི་རེད། མི་ཚང་མས་འཚོ་བའི་ཁྲོད་དུ་འདི་དང་དེ་ལྟ་བུའི་སེམས་ཁམས་ཀྱི་གསང་བརྡ་དང་ལེན་བྱེད་སྲིད།གསང་བརྡ་འདི་དག་ལས་ལ་ལ་ནི་དགེ་མཚན་ལྡན་པ་དང་།ལ་ལ་ནི་སྒྱིད་ལུག་རེད།དགེ་རྒན་དང་ཕ་མ་གཉིས་ཀ་ནི་བྱིས་པ་དག་ཆེས་ཡིད་ཆེས་ས་དང་བརྟེན་སའི་མི་ཡིན་ལ།དུས་མཚུངས་སུ་སེམས་ཁམས་ཀྱི་ཤུགས་སྣོན་མཁན་ཡང་ཡིན།གལ་ཏེ་དུས་ཡུན་རིང་བོར་སྒྱིད་ལུག་དང་མི་ལེགས་པའི་སེམས་ཁམས་ཤུགས་ཀྱིས་བསྣན་ན།བྱིས་པའི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་སྲིད་ལ།ཚབས་ཆེ་བའི་རིགས་ཀྱིས་ཐ་ན་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད།དེ་ལས་ལྡོག་སྟེ།གལ་ཏེ་དགེ་རྒན་དང་ཁྱིམ་བདག་གིས་ཕྲུ་གུར་རེ་བ་ཆེན་པོ་བཅོལ་ཞིང་ཁས་ལེན་གང་ལེགས་བྱེད་པ་དང་།རེ་སྒུག་བྱེད་པའི་མིག་མདངས་དང་།བསྔགས་བརྗོད་བྱེད་པའི་འཛུམ་མདངས།སྐུལ་མ་གཏོང་བའི་སྐད་ཆ་བཅས་ལ་བརྟེན་ནས་ཕྲུ་གུར་གཅེས་སྐྱོང་བྱས་ཏེ།ཕྲུ་གུར་སྔར་བས་རང་བཀུར་དང་།རང་ལ་དགའ་ཞེན།རང་ལ་ཡིད་ཆེས།རང་འབད་བཅས་བྱེད་དུ་བཅུག་ན།ཁྱེད་ཀྱི་རེ་བ་ཇི་ཙམ་ཆེ་ན་ཕྲུ་གུའི་འབྱུང་འགྱུར་གྱི་གྲུབ་འབྲས་དེ་ཙམ་ཆེ་བ་ལོན་ཐུབ།
༢ སེམས་ཁམས་ཆོས་ཉིད་གཉིས་པ། ཚད་བརྒལ་ནུས་སྣང་།
ཨ་རིའི་མིང་དུ་གྲགས་པའི་རྩོམ་པ་པོ་མ་ཁི་ཐུའུ་ཝུན་གྱིས་ཐེངས་ཤིག་ཆོས་ཁང་ནས་ཡེ་ཤུའི་ཆོས་འཆད་མཁན་གྱི་གཏམ་བཤད་ལ་ཉན།ཐོག་མར་ཁོང་གིས་ཡེ་ཤུའི་ཆོས་འཆད་མཁན་གྱིས་གཏམ་བཤད་ཧ་ཅང་ཡག་པོ་འདུག་སྙམ་ནས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་སྟེ་ཞལ་འདེབས་བརྒྱག་རྒྱུའི་གྲ་སྒྲིག་བྱས་པ་རེད།སྐར་མ10འགོར་རྗེས།ཡེ་ཤུའི་ཆོས་འཆད་མཁན་གྱིས་ད་དུང་བཤད་མ་ཚར་བས།ཁོར་ཅུང་སུན་སྣང་སྐྱེས་ཏེ།སིལ་སྒོར་འགའ་མ་གཏོགས་ཞལ་འདེབས་སུ་མི་སྦྱིན་རྒྱུའི་ཐག་བཅད།
དེ་ནས་ཡང་སྐར་མ10འདས་རྗེས།ཡེ་ཤུའི་ཆོས་འཆད་མཁན་གྱིས་ད་དུང་བཤད་མ་ཚར་བས།ཁོས་དངུལ་སྐར་མ1ཀྱང་མི་འབུལ་བ་ཐག་གིས་བཅད།ཡེ་ཤུའི་ཆོས་འཆད་མཁན་གྱིས་གཏམ་བཤད་རིང་པོ་མཇུག་བསྒྲིལ་ནས་ཞལ་འདེབས་བསྡུས་རྗེས།མ་ཁུ•ཐུའུ་ཝུན་ཁོང་ཁྲོའི་དབང་གིས་དངུལ་གྱི་ཞལ་འདེབས་བརྒྱབ་མེད་པར་མ་ཟད།ད་དུང་སྡེར་མའི་ནང་ནས་སྒོར་གཉིས་བརྐུས་སོང་།དེ་ལྟར་ཕོག་ཐུག་མང་དྲགས་པའམ་ནུས་པ་ཡུན་རིང་དྲགས་པས་སེམས་ཁམས་ཧ་ཅང་མི་སྐྱིད་པའམ་ངོ་རྒོལ་བྱེད་པའི་སེམས་ཁམས་ཀྱི་སྣང་ཚུལ་དེ་རིགས་ལ“ཚད་བརྒལ་ནུས་སྣང”ཞེས་ཟེར།
དཔྱད་བརྗོད་ལས། བྱིས་པ་ཚོའི་ནོར་འཁྲུལ་ལ་དམིགས་ནས་མ་བསྡད། ཚད་བརྒལ་ནུས་སྣང་དེ་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོའི་ཁྲོད་རྒྱུན་དུ་འབྱུང་བཞིན་ཡོད།དཔེར་ན་བྱིས་པ་ནོར་འཁྲུལ་ཤོར་སྐབས།ཁྱིམ་བདག་དང་དགེ་རྒན་གྱིས་ཐེངས་གཅིག་དང་།ཐེངས་གཉིས་།ཐེངས་གསུམ་དང་།ཐ་ན་ཐེངས་བཞི།ཐེངས་ལྔ་བཅས་ཀྱིས་དོན་དག་གཅིག་ལ་ཡང་དང་བསྐྱར་དུ་སྐྱོན་བརྗོད་བྱས་པས།བྱིས་པ་འགྱོད་པའི་ཚོར་བ་མེད་པ་དང་ཐ་ན་ཞེན་པ་ལོག་གི་ཡོད།“བཙན་ཤེད”བྱས་ཚེ“ང་ལ་ངོ་རྒོལ་བྱེད་པའི”སེམས་ཁམས་དང་བྱ་སྤྱོད་འབྱུང་སྲིད།དེའི་ཐོག་ནས་དགེ་རྒན་དང་ཁྱིམ་བདག་གིས་ཕྲུ་གུར་སྐྱོན་བརྗོད་བྱེད་ཚད་ཚད་ལས་བརྒལ་མི་ཆོག་པ་དང་ཕྲུ་གུར་སྐྱོན་བརྗོད་ཐེངས་གཅིག་ལས་བྱ་མི་རུང་བ་མཐོང་ཐུབ།གལ་ཏེ་བསྐྱར་དུ་སྐྱོན་བརྗོད་དགོས་ན་སྟབས་བདེའི་བསྐྱར་ཟློས་མི་བྱ་བར་ཟུར་ཚད་གཞན་ཞིག་གི་ཐོག་ནས་བཤད་སྟངས་གཞན་ཞིག་ཏུ་བསྒྱུར་དགོས།དེ་ལྟར་བྱས་ཚེ་ཕྲུ་གུར་ནོར་འཁྲུལ“བཟུང་ནས་མི་གཏོང་བའི”བསམ་བློ་ཡོང་མི་སྲིད་པར་མ་ཟད།སེམས་ཁམས་མི་བདེ་བ་དང་སེམས་ངན་ཡང་དེ་དང་བསྟུན་ནས་ཆུང་དུ་འགྲོ་སྲིད།
༣ སེམས་ཁམས་ཀྱི་ཆོས་ཉིད་གསུམ་པ། ཏེ་ཞི་ནུས་སྣང་།
སེམས་ཁམས་རིག་པ་བ་ཏེ་ཞིས་གཏམ་རྒྱུད་འདི་འདྲ་ཞིག་བཤད་མྱོང་བ་སྟེ།བྱིས་པ་སྐོར་ཞིག་གིས་རྒན་པ་ཞིག་གི་སྒོ་ཁ་ནས་རྩེད་མོ་བརྩེས་ནས་སྐད་ཅོར་བརྒྱབ།ཉིན་འགའི་སྔོན་ལ།རྒན་པོས་བཟོད་མི་ཐུབ།དེར་བརྟེན་ཁོང་གིས་ཕྲུ་གུ་ཚང་མར་ཨ་སྒོར10སྤྲད་པ་དང་ཁོ་ཚོར“ཁྱོད་ཚོས་འདི་གར་འཁྲུག་ཆ་དོད་དུ་བཏང་བ་དང་ངའི་བསམ་པར་རང་ཉིད་ལོ་ན་ཆུང་དུ་ཕྱིན་འདུག་པས་དངུལ་དེ་དག་གིས་ཁྱོད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།ཕྲུ་གུ་ཚོ་ཧ་ཅང་དགའ་པོ་བྱུང་།ཉིན་གཉིས་པར་སྔར་བཞིན་རྩེད་མོ་རྩེ།རྒན་པོ་ཕྱིར་ཡོང་ནས་བྱིས་པ་རེ་ལ་ཨ་སྒོར་5བྱིན།ཨ་སྒོར་ལྔས་འགྲིག་གི་རེད། ཕྲུ་གུ་སྔར་བཞིན་དགའ་སྤྲོ་ཆེན་པོས་ཕྱིན་སོང་།ཉིན་གསུམ་པར་བགྲེས་སོང་གིས་ཕྲུ་གུ་རེར་ཨ་སྒོར2ལས་སྤྲད་མེད་པས་ཕྲུ་གུ་ཚོ་ཁོང་ཁྲོ་རབ་ཏུ་ལངས།“ཉིན་གཅིག་ལ་ཨ་རིའི་སྒོར་ཟུར་གཉིས་ལས་མི་འདུག། ང་ཚོ་ཧ་ཅང་དཀའ་འདུག”ཅེས་བཤད།བྱིས་པ་ཚོས་བགྲེས་སོང་ལ་ཁོ་ཚོས་ད་ནས་བཟུང་ཁྱེད་ཚོའི་ཆེད་དུ་རྩེད་མོ་གཏན་ནས་རྩེ་མི་སྲིད་ཅེས་དམ་བཅའ་བཞག།
གཏམ་རྒྱུད་དེའི་ཁྲོད་དུ་རྒན་པོའི་ཐབས་ཤེས་ཧ་ཅང་སྟབས་བདེ་སྟེ།ཁོས་བྱིས་པ་ཚོའི་ནང་ཁུལ་གྱི་ཀུན་སློང་དེ་“རང་གི་ཆེད་དུ་རྩེད་མོ་རྩེ་བ”ཞེས་པ་དེ་ཕྱིའི་ཀུན་སློང་དུ་བསྒྱུར་ཏེ“ཨ་སྒོར་ཐོབ་ཆེད་རྩེད་མོ་རྩེ་བ”ཞེས་པར་བསྒྱུར་ཡོད་མོད།འོན་ཀྱང་ཁོས་ཕྱི་རོལ་གྱི་རྒྱུ་རྐྱེན་ཨ་སྒོར་འདིས་ཁ་ལོ་སྒྱུར་བཞིན་ཡོད་པས།དེ་བཞིན་བྱིས་པ་ཚོའི་བྱ་སྤྱོད་ཀྱི་ཁ་ལོ་བསྒྱུར་ཡོད།
དཔྱད་བརྗོད་ལས། ཁྱིམ་བདག་གིས་བྱིས་པར་བྱ་དགའ་སྟེར་ཚེ་སློབ་སྦྱོང་ལ་ཕན་ཐོགས་ཡོད་དགོས།ཏེ་ཞི་ནུས་སྣང་ནི་འཚོ་བའི་ཁྲོད་དུ་ངང་ངམ་ཤུགས་ཀྱིས་མངོན་གྱིན་ཡོད།དཔེར་ན།ཕ་མས་རྒྱུན་དུ་བྱིས་པར་བཤད་རྒྱུར།“གལ་ཏེ་ཁྱོད་ཀྱིས་ཐེངས་འདིར་སྐར་མ100བླངས་ན།ཁྱོད་ལ་བྱ་དགའ་སྒོར100སྟེར་རྒྱུ་ཡིན།གལ་ཏེ་ཁྱོད་ཀྱིས་ཨང་དང་པོ་ནས་ལྔ་བ་ལེན་ཐུབ་ན།ཁྱོད་ལ་རྩེད་ཆས་གསར་བ་ཞིག་སྟེར་རྒྱུ་ཡིན།”ཞེས་བཤད།
ཁྱིམ་བདག་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ལ།ཚུལ་མིན་གྱི་བྱ་དགའ་སྤྲོད་སྲོལ་དེ་འདྲས་ཕྲུ་གུའི་སློབ་སྦྱོང་གི་སྤྲོ་སྣང་དེ་ཆུང་དུ་གཏོང་བ་རེད།
སློབ་སྦྱོང་གི་ཕྱོགས་ནས། ཁྱིམ་བདག་གིས་བྱིས་པར་རྒྱང་རིང་གི་ཕུགས་བསམ་བཅང་བར་ཁྲིད་སྟོན་བྱས་ཏེ།བྱིས་པ་ཚོའི་སློབ་སྦྱོང་ལ་བཅངས་པའི་བརྩེ་སེམས་དང་སྤྲོ་སྣང་འཕེལ་དུ་འཇུག་པ་དང་།བྱིས་པ་ཚོའི་སློབ་སྦྱོང་གི་ཀུན་སློང་ཇེ་བཟང་དུ་གཏོང་བ།བྱིས་པར་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་རོགས་རམ་བཅས་བྱ་དགོས།
ཁྱིམ་བདག་གི་བྱ་དགའ་ནི་སློབ་སྦྱོང་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ཆོག་སྟེ།དཔེར་ན།དཔེ་དེབ་དང་།སློབ་སྦྱོང་ཡོ་བྱད་བཅས་ཉོ་བ། སློབ་སྦྱོང་དང་འབྲེལ་བ་མེད་པའི་བྱ་དགའ་འགའ་ཞིག་མེད་ན་ཡག་ཤོས་རེད།།
བྲག་འགོ་རྫོང་སློབ་འབྲིང་། དྷརྨ་ཆོས་སྒྲོན།炉霍县中学 德玛曲珍