དང་པོ། གཙང་མཁས་ཕན་འདོད་ཆེ་བའི་དགེ་རྒན་སྐྱེད་སྲིང་བྱ་དགོས།
སློབ་ཁྲིད་ཀྱི་བྱ་བ་ནི་གནམ་འོག་གི་འཇིག་རྟེན་འདིར་ཆེས་རླབས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་ཡིན་གཤིས། སློབ་ཁྲིད་བྱེད་པའི་ཐབས་དང་ཐབས་བྱུང་ཡང་དེ་མཐུན་གྱི་འཐུས་ཚང་ལ་མ་ནོར་བ་ཞིག་དགོས་པ་ཟུར་བལྟས་ལེབ་མཐོང་རེད། བརྒྱ་ལ་སློབ་ཁྲིད་ཀྱི་ཐབས་དང་ཐབས་བྱུང་དག་སློབ་མའི་ཁམས་མོས་དང་མི་བསྟུན་པར་གང་བྱུང་དུ་འཆད་ཅིང་ཁྲིད་པར་བྱས་ན། སློབ་ཁྲིད་ཟེར་བ་ནི་མིང་གི་ལྷག་མ་ཙམ་དུ་གྱུར་ཏེ། འཕྲལ་ཕུགས་གཉིས་ཆར་ཕན་པའི་བྱ་བ་ཐམས་ཅད་འཐུས་ཤོར་དུ་འགྲོ་ངེས་ཡིན་པས། འདིར་ས་སྐྱ་པཎ་ཆེན་གྱི་མཁས་འཇུག་གཞིར་བཟུང་ཞིང་འབྲེལ་ཡོད་དཔྱད་རྩོམ་དག་གིས་ཟུར་བརྒྱན་པར་བྱས་ཏེ། སློབ་ཁྲིད་ཟེར་བ་དགེ་རྒན་ཁོ་ནའམ་སློབ་མ་གཅིག་པུའི་བྱ་བ་ཞིག་མ་ཡིན་པར། དགེ་སློབ་ཟུང་འབྲེལ་དང་ཐབས་ཤེས་ཟུང་འཇུག་བྱས་ཏེ་འབྲས་བུ་འཐོབ་དགོས་པ་ཞིག་ཡིན་ཕྱིར། དགེ་རྒན་མཁས་ཤིང་གཙང་ལ་ཕན་སེམས་ཅན་ཞིག་དང་། སློབ་མ་གུས་ཤིང་ཤེས་འདོད་ཆེ་ལ་བརྩོན་འགྲུས་དང་ལྡན་པ་ཞིག་ཅིས་ཀྱང་ཡིན་དགོས་ཤིང་། ད་དུང་སློབ་མའི་ཁམས་མོས་དང་ཆེས་ཆེར་མཐུན་པའི་སློབ་ཁྲིད་ཀྱི་ཐབས་དང་ཐབས་བྱུང་བཅས་གང་ལ་གང་འཚམ་ཞིག་ཡོད་དགོས་པའི་ཐད་ནས་མདོར་བསྡུས་སུ་བགྲོས་ཡོད།
དགེ་རྒན་ནི་གཞན་གྱི་ལམ་སྣེ་ཁྲིད་པ་པོ་དང་མི་རིགས་ཀྱི་རིག་གནས་དང་སློབ་བུ་སྐྱོང་པ་པོ་ཡིན་པས། དགེ་རྒན་ཞིག་ཡིན་ན་ཐོག་མར་རང་གི་ལུས་ངག་ཡིད་གསུམ་གཙང་ཞིང་ཉེས་སྐྱོན་གྱིས་མ་གོས་པ་ཞིག་ཅིས་ཀྱང་ཡིན་དགོས། ཆོས་རབ་ཏུ་འབྱེད་པའི་ཤེས་རབ་ཀྱིས་ཕྱུག་ཅིང་ཤེས་བྱ་གཉིས་ལ་བློ་གྲོས་ཀྱི་རྩལ་རྒྱས་པ་དང་། གཞན་དག་རྨོངས་མུན་སྡུག་གསུམ་ལས་བྲལ་འདོད་ཀྱི་སྙིང་རྗེ་དྲི་མ་མེད་པ་ཞིག་དགོས་ངེས་ཏེ། ས་པཎ་མཁས་འཇུག་ཏུ། ཚུལ་ཁྲིམས་དག་པས་ལུས་ངག་གཙང་བ། ཤེས་རབ་དག་པས་ལུང་རིགས་མཁས་པ། ལྷག་བསམ་དག་པས་གཞན་ལ་ཕན་པའོ།། ཞེས་གསུངས་པ་ལྟར་གཞན་ལ་ཡང་དག་པའི་སློབ་གསོ་བྱ་དགོས་ན་ཐོག་མར་རང་ཉིད་གཞན་གྱི་ཁ་མིག་ཡར་ལྟོས་ཀྱི་དཔེ་མཚོན་མི་སྣ་ཞིག་ཡིན་དགོས་པའི་ཐོག། མུན་ལམ་ནས་འོད་ལམ་དང་། འོད་ལམ་ནས་འོད་ལམ་དུ་ཁྲིད་པའི་ཤེས་འཇོན་ནུས་གསུམ་ལྡན་པ་ཞིག་དང་། མུན་ལམ་ནས་མུན་ལམ་དང་། འོད་ལམ་ནས་མུན་ལམ་དུ་བགྲོད་པར་འགོག་པའི་ཐབས་དང་ཐབས་བྱུང་སོགས་བརྟན་ཚུགས་ཡོད་པ་ཞིག་ཡིན་དགོས། ཁྱད་པར་དུ་གཞན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཅིང་བདེ་བར་འགོད་ནུས་པའི་སྙིང་རྗེ་དང་བརྩེ་བས་མ་དབུལ་བ་ཞིག་ངེས་པར་ཡིན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྱང་དམིགས་ཡོད་རྟོན་ལྡན་དང་། སྤྱོད་བཟང་བརྩེ་ཕྱུག། ཤེས་ལྡན་བློ་འཛོམས། བྱམས་ཆེན་བསམ་དཀར་བཅས་ལྡན་པའི་དགེ་རྒན་ཞིག་བྱ་དགོས་པའི་བླང་བྱ་བཏོན་གནང་ཡོད།
གཉིས་པ། བློ་གསལ་ཤེས་འདོད་ཆེ་ཞིང་དགེ་རྒན་ལ་གུས་པའི་སློབ་མ་བསྐྱང་དགོས།
དེ་ཡང་སློབ་མའི་མཚན་ཉིད་ལ་མཁས་འཇུག་ཏུ། བློ་གསལ་ཤེས་འདོད་བླ་མར་གུས་ཞེས་གསུངས་ཡོད་དེ། ཤེས་བྱའི་གནས་གང་ལ་འཇུག་ཀྱང་རང་བཞིན་གྱི་བློ་གྲོས་གསལ་བ་དང་། ཇི་ལྟ་ཇི་སྙེད་མཁྱེན་པའི་ཤེས་བྱ་མ་ལུས་པ་ལ་ཤེས་འདོད་ཀྱི་འདུན་པས་བྱུར་བུར་གཏམས་པ། མཚན་ཉིད་ལྡན་པའི་དགེ་རྒན་ལ་གུས་པར་བྱེད་མཁན་ཞིག་ངེས་ཅན་དགོས་པ་ཡིན། ས་སྐྱ་ལེགས་བཤད་དུ་ཡང་། རྒྱུ་འབྲས་བསླུ་བ་མེད་པ་འདི།། ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན།། མ་བསླབ་པར་ནི་ཀུན་མཁྱེན་དུ།། འགྲོ་ན་རྒྱུ་འབྲས་ག་ལ་བདེན།། ཞེས་གསུངས་པ་ལྟར་སྦྱངས་སྟོབས་ཀྱི་ཤེས་རབ་ཤིན་ཏུ་གལ་ཆེ་བའོ།། དེའི་ཐོག་ད་དུང་དགེ་བའི་གནས་སམ་ཤེས་རབ་དོན་གཉེར་ལ་སྤྲོ་བའི་འདུན་པ་རབ་ཏུ་བརྟས་དགོས་ཏེ། དགེ་བའམ་ཤེས་རབ་ལ་སྤྲོ་བས་འདུན་པ་ནི་བརྩོན་འགྲུས་ཡིན་པའི་ཕྱིར་དང་། བརྒྱ་ལ་བརྩོན་འགྲུས་ཀྱིས་རམ་འདེགས་མ་བྱས་ན་གོང་བཀོད་ཀྱི་མཚན་ཉིད་གསུམ་ལྡན་དུ་གྱུར་ཀྱང་ཤེས་བྱའི་དགའ་ཚལ་གྱི་གནས་སུ་འབྱོར་ཏེ་ཤེས་རབ་ཀྱི་ནོར་བུ་རྙེད་ཐབས་ལར་ནས་མེད་པས་སོ།།
གསུམ་པ། དགེ་སློབ་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་ཐབས་བརྟེན་དགོས།
དེ་ཡང་རང་རེའི་སྲོལ་རྒྱུན་སློབ་གསོ་དང་སློབ་ཁྲིད་ཐབས་དཔྱོད། སློབ་མ་བཀྲི་བའི་རིམ་པ་སོགས་གལ་ལ་རྗེས་དཔྱོད་ཀྱང་དགེ་རྒན་གཙོ་བོ་དང་སློབ་མ་ཕལ་པའམ། དགེ་རྒན་གྱིས་བཤད་རྐྱང་དང་སློབ་མས་ཉན་རྐྱང་ཁོ་ན་ལས། སློབ་མས་བཤད་ཅིང་དགེ་རྒན་གྱིས་ཉན་དཔྱོད་མཛད་དེ་སློབ་མའི་འཆད་ཁྲིད་ཀྱི་སྐྱོན་ཡོན་ཤན་འབྱེད་གནང་བའི་དཔྱད་འཇོག་ཅུང་ཟད་ཉུང་བ་མངོན་སུམ་ཚད་མ་ཡིན། དེ་བཞིན་དེང་རབས་སློབ་གསོ་རིག་པའི་ཆེད་དེབ་ཁུངས་མ་དང་ཆེད་རམས་པ་མང་པོས་སློབ་མ་གཙོ་ཞིང་དགེ་རྒན་ཕལ་པར་འཛིན་པའི་ལྟ་བ་བཟུང་སྟེ། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སློབ་མ་ཉིད་གཙོ་བོར་བཟུང་བའི་བཤད་ཁྲིད་ཀྱི་ཐབས་དང་ཐབས་བྱུང་སྤྱད་དགོས་པར་གསུངས་དང་གསུང་མུས་སུ་ཡོད་པ་ལྟ་བུ་སྟེ། བློ་སྟོབས་རིགས་པས་ལེགས་པར་དཔྱད་ན་ཕྱོགས་གཉིས་ཀར་སྐྱོན་ཡོན་མཆིས་པ་མངོན་གསལ་ཏེ། སྔ་མའི་ཁྲིད་རྒྱུན་ལྟར་དགེ་རྒན་གཙོ་ཞིང་སློབ་མ་ཕལ་བར་འཛིན་པ་དེས་ལོ་རྒྱུས་སུ་བཞག་པའི་ལག་རྗེས་དང་གྲུབ་དོན་ལ་གཞིགས་ན། གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་པ་གསེར་རིའི་ཕྲེང་སྟར་བྱུང་བ་མངོན་རྗེས་གཉིས་ཆར་གྱིས་གྲུབ་ཀྱང་། དེང་རབས་སློབ་གསོ་རིག་པའི་མཐོང་སྣེ་ནས་བལྟས་ན་ཁྲིད་རྒྱུན་དེ་ལའང་མཐའ་གཅིག་ཏུ་ཡོན་ཏན་འབའ་ཞིག་ཡིན་པའི་ངེས་པ་མེད་པ་ལྟ་བ་རེད། དེས་ན་ང་ཚོས་སྲོལ་རྒྱུན་སློབ་གསོར་ཡོད་པའི་ཁྲིད་རྒྱུན་གྱི་ཡོན་ཏན་མཐའ་དག་གང་ནུས་ཅི་ལྕོགས་ཀྱིས་ཚུར་ལེན་པ་དང་དེང་རབས་སློབ་གསོའི་ཁྲིད་ཐབས་ཀྱི་ལེགས་ཆ་ཐམས་ཅད་ཀྱིས་ཟུར་དུ་བརྒྱན་ཏེ། སྲོལ་རྒྱུན་དང་དེང་རབས་གཉིས་ཆ་མངའ་བའི་སློབ་ཁྲིད་བྱེད་ཐབས་ཀྱི་ཡོན་ཏན་ཕན་ཚུན་མཉམ་པར་བསྡེབས་ཐུབ་ན། ཤེས་ཡོན་གཉིས་ལྡན་གྱི་སློབ་བུ་གང་མང་སྐྱེད་སྲིང་ཐུབ་པ་སྙམ། ས་པཎ་མཁས་འཇུག་གི་བཞེད་པ་ལྟར་ན། སློབ་དཔོན་གྱིས་ལུས་ཉལ་འཕྲེས་བརྐྱང་དང་ངག་མང་ཟློས་ཞན་ཆེ། ཡིད་ཆགས་སྡང་སོགས་སྤང་དགོས་པར་བསྟན་ཡོད། སློབ་མ་རང་ངོས་ནས་ཀྱང་ལེ་ལོ་རྣམ་གཡེང་གི་སེམས་བྱུང་ཐམས་ཅད་ཅི་ནུས་ཀྱིས་སྤངས་ཏེ་ལེགས་པར་ཉན་ཞིང་ཡིད་ལ་འཛིན་དགོས་པ་ཆེས་ཤིན་ཏུ་གལ་ཆེ། དེ་ཡང་མཁས་འཇུག་ལས། ཉན་པའི་སྐྱོན་རྣམས་སྤངས་ནས་ནི།། ཤེས་པར་འདོད་པས་ལེགས་པར་མཉན།།ཞེས་གསུངས་ཡོད།
མདོར་ན། དགེ་རྒན་གྱིས་ཚུལ་བཞིན་དུ་བཤད་ཁྲིད་དང་སློབ་མས་ཚུལ་བཞིན་དུ་ཉན་སྦྱོང་བྱེད་པ་ནི་སློབ་ཁྲིད་བྱེད་ཐབས་ཁྲོད་དགེ་རྒན་དང་སློབ་མ་གཙོ་ཕལ་མ་ཕྱེ་བར་དེ་གཉིས་ཟུང་དུ་འབྲེལ་བའི་ཐབས་སུ་འགྲོ་དགོས། ཁྲིད་ཐབས་འདི་ཉིད་རྒྱུན་དུ་བརྟེན་པ་ཡིན་ན་ཤེས་འཇོན་ནུས་གསུམ་ལྡན་པའི་སློབ་མ་གང་མང་ཞིག་ཐོན་ཏེ། རྒྱལ་ཁབ་དང་མི་རིགས་ལ་ཕན་བདེ་རླབས་ཆེན་པོ་བསྐྲུན་ཐུབ་པ་ཡིན་ནོ།།
( བྲག་འགོ་རྫོང་སློབ་འབྲིང་། ཚེ་རིང་སྐྱིད།)
炉霍县中学 次仁吉