国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་ཁ།

དབྱར་གཞུང་འཇའ་ཡི་མཚོན་རིས། །

ག་ལེར་མཐོངས་ནས་ཡལ་དུས། །

དབེན་པའི་སྒོམ་ཆེན་དེ་ལ། །

མི་རྟག་བརྡ་རུ་ཤར་སོང་། །

སྣ་ཚོགས་མེ་ཏོག་འདབ་མ། །

སད་དང་སེར་བས་ཁྱེར་དུས། །

སེམས་ཆུང་བུང་བ་གཞོན་ནུའི། །

འཚོ་སའི་གནས་མལ་བོར་འདུག །

ཚང་ཚིང་ལྗོན་པའི་ལོ་མ། །

རིམ་བཞིན་ས་ལ་ལྷུང་དུས། །

གསུང་སྙན་ཁུ་བྱུག་སྔོན་མོའི། །

མི་ཟུང་རྒྱང་དུ་གཏད་སོང་། །

གཡུ་མདོག་སྤང་གི་ཁྱོན་ནས། །

ལྗོན་འདབ་རླུང་གིས་ཁྱེར་དུས། །

བས་མཐའི་ཨ་ཇོ་ངར་ཡང་། །

ངེས་འབྱུང་ཞིག་གིས་བསྐུལ་སོང་། །

ལྗང་མདོག་རི་ལུང་ཐང་གསུམ། །

སྟོན་ཁའི་སད་ཀྱིས་གཞོམ་དུས། །

དགུན་ཟླ་རིང་མོའི་གྲང་རླུང་། །

སེམས་ཀྱི་དབུས་ནས་ལྡང་བྱུང་། །

འབྲོག་པའི་གཡང་གི་ནོར་ལུག །

ལྷས་ཀྱི་རྡང་དུ་མི་འཁོད། །

རི་རྫི་མོ་གཞོན་དག་གི །

ངལ་བ་སུས་ཀྱང་མི་ཚོར། །

རོང་པའི་ཞིང་གི་མཐའ་ནས། །

འཕྲུལ་དང་ཕོ་གཞོན་དག་གིས། །

རྔུལ་ཆུ་ཐོད་ལ་བཀོད་ཀྱང་། །

ལོ་ལེགས་རྫོགས་ས་མི་འདུག །

གཡག་རྒོད་རྭ་རྩལ་འགྲན་ཏེ། །

ནོར་ལུག་ཤ་ཤེད་རྒྱས་ནས། །

སྟོན་ས་ཕྱུགས་ཀྱིས་གང་བའི། །

ཚུལ་དེ་རྨད་དུ་བྱུང་བ། །

༼ དབྱངས་ཀྱི་རྒྱན། ༽