ལྗང་ཐིང་ངེའི་སྤང་ལྗོངས་ཡལ་རྗེས།
ཁྲ་ཐ་རེ་མེ་ཏོག་གི་རྣམ་ཤེས་འཁྱམ་སོང་།
གྱེས་བྲལ་གྱིས་མནར་བའི་སྡིག་སྒྲིབ་དེ་དག
སྐྱེ་བ་གོང་མར་ཆད་པའི་བུ་ལོན་ཡིན་ནམ།
སྟོན་ཁ་ཚེས་མ་ཐག།
ཉི་འོད་ཀྱི་ཚ་བས་སྟོན་ལོ་སེར་པོར་བཏང་།
བསིལ་རླུང་ལྡང་ནས་སྟོན་ལོ་རྒྱང་དུ་སྤྱུགས།
ཆར་ཟིམ་རྗེས་མས་སྟོན་ལོ་སྐྱེལ་མ་བྱས།
སེམས་ཚོར་སྟོང་བས་སྟོན་ལོ་སྙན་ངག་བྲིས།
ནམ་ཟླས་བླངས་པའི་གདུང་གླུ་དེ།
མི་ཚོས་སྙན་པོ་མི་འདུག་ཅེས་མང་པོ་བརྗོད་ཀྱང་།
དགའ་བསུའི་ཐལ་སྒྲ་ཆད་མ་མྱོང་བའི་ལོ་ངོ་འདི་དག
ཁ་ཁོག་འཛོལ་བའི་སྐད་ཆས་ནམ་ཟླ་དམ་ལ་བཏགས།
སེར་ཀ་ཤོར་བའི་སྟོན་ཟླ།
གསེར་ཚོན་གྱིས་བྲིས་པའི་བྱེ་མའི་ཕུང་པོ།
ཆེས་སྤྱིར་བཏང་ཞིག་གིས་ས་མཐའི་སྨྲེང་སྐྱོ་ཁུར་ནས།
ཆེས་སྤྱིར་བཏང་མ་ཡིན་པའི་འཚོ་བ་ཞིག་ལ་འཁྱུད་དང་།
རྨི་ལམ་ནང་གི་དབྱར་གཞུང་།
དབྱར་གཞུང་དུ་རྨིས་པའི་རྨི་ལམ།
སྟོན་འགོ་མའི་ཤིང་ལོ་དབང་མེད་འཐོར་དུས།
གྲང་ཤུར་ཤུར་གྱི་གནམ་གཤིས་ཉེ་སར་ཐོན་དུས།
ས་ཁ་ཞེང་འདབས་ཁ་སེར་ཐིག་ཕོག་དུས།
ངས། དབྱར་ཟླས་བཞག་པའི་དྲན་ཤིང་རུམ་ནས།
སྟོན་ཟླས་གནང་བའི་ལག་ཟུང་གཉིས་བསྲོ་དགོས།
༼ གངས་ཆབ་ལྷ་སྲས། ༽