国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ནམ་ཟླ་སྟོན་ཁ།

གློ་རྡེག་ནམ་ཟླ་སྟོན་གྱི་མཇུག་ཏུ་བསླེབས།།

ཕྲ་ཚོམ་མེ་ཏོག་དག་གི་མཛེས་སྡུག་ཉམས།།

འཇའ་གུར་འོད་ཀྱི་སྡུ་གུ་རྒྱང་དུ་ཡལ།།

ཚུལ་འདིས་མི་རྟག་དུས་ཀྱི་རྒུད་པ་མཐོང་།།

དོ་ཞག་གནམ་ས་བར་གྱི་རླུང་བུ་ངུ་།།

གངས་ཆར་འདྲེས་མའི་ངར་ཁ་ཤིན་ཏུ་བཙན།།

རི་ཚོགས་གདོང་ལ་སེར་ཁ་རེ་ཡང་ལྷུང་།།

སྨུག་སྤྲིན་ཡོལ་བ་རྒྱང་ནས་རྒྱང་དུ་འཐེན།།

ལམ་གྱི་གཡས་གཡོན་སྲང་གི་བཞི་མདོ་ནས།།

ཡར་མར་རྒྱུ་བའི་མི་ཚོགས་གྲང་འདར་རྒྱག།

དེ་ལྟ་ན་ཡང་འཚོ་བའི་རྒྱགས་ཕྱེའི་ཆེད།།

ཉིན་མཚན་བསྟུད་མར་ལས་ལ་བྲེལ་གྱིན་ཡོད།།

ད་སྐབས་ས་སྲོད་ཆར་པའི་རེག་བྱ་རྩུབ།།

གདོང་གི་མཐིལ་དུ་འབབ་པ་སྙིང་དུ་གཟན།།

གཙང་འགྲམ་ལྕང་མའི་འགོ་བོ་མར་མར་དུད།།

ལོ་འདབ་རེ་རེ་མི་འདོད་ས་རུ་ཟགས།།

དགོང་ཞོགས་བར་དུ་རེས་གསལ་རེས་མོག་གི།

ཉི་འོད་འཛུམ་ཙམ་སྨྲེང་ཙམ་འཕྲོ་བར་བྱེད།།

ཕ་གའི་ཆུ་བོ་ཆབ་རོམ་དར་གྱིས་གཡོགས།།

ནང་གི་སྙིང་ཤ་འཁྱག་སོབ་སོབ་ཏུ་ལོག།

འཆར་ཡན་རྟ་ཁྱུའི་རྨིག་སྒྲ་ལྷགས་པས་བཟུང་།།

ལན་ཆགས་སྒྱུ་མའི་ཕུང་པོ་གྲོང་དུ་ལུས།།

གང་ལ་བལྟས་ཀྱང་ཉམས་སྣང་དབེན་པ་ཡི།།

ནམ་ཟླ་འདི་ནས་ཡང་སྙིང་ཅི་ཞིག་འཚོལ།།

༼ འཇོ་མདའ་པདྨ། ༽