国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་དུས་ཀྱི་སྨྲེང་གླུ།

སྤྲིན་ནག་ལྡང་བའི་ཤུལ་ན་གློག་ཞགས་མེད་ཅིང་།།

གྲུ་ཆར་འཇོ་བའི་རྗེས་སུ་འཇའ་ཚོན་དབེན་པ།།

དབྱར་གཞུང་ནམ་ཟླ་ཡལ་བའི་སྟོན་གྱི་དུས་འདི།།

དྲན་པའི་ཀློང་དུ་འཁོར་ན་ཞེ་རེ་སྨྲེང་ཨང་།།

སྔོ་ལྗང་སྤང་ཁའི་ཁ་དོག་གང་དུ་ཡལ་བས།།

རི་དྭགས་རྩྭ་ཆུ་འཛོམས་པའི་རྩེད་འཇོ་མི་མཐོང་།།

མེ་ཏོག་ལང་ཚོ་རྒས་པའི་སྟོན་གྱི་དུས་འདིར།།

གཡུ་སྦྲང་བུང་བ་མ་བཞུགས་གང་དུ་ཕེབས་སམ།།

ཁུ་བྱུག་མོན་ཡུལ་ལོག་པས་འཇོལ་མོ་སྐྱོ་ཨང་།།

སྤང་ལྗོངས་མཛེས་སྡུག་ཡལ་བས་བདག་ཡིད་མུག་སོང་།།

སྡོང་ལོ་ས་རུ་ཐོར་བའི་སྟོན་གྱི་དུས་འདིར།།

ང་དང་འཇོལ་མོའི་སྐྱོ་གདུང་སུ་ཡིས་སེལ་ཨང་།།

མཚན་དགུང་རླུང་འཚུབ་ལྡང་བས་སྐར་ཚོགས་འདར་བྱུང་།།

ལྷ་ལམ་ཟླ་བ་མཐོང་ཡང་སྐྱོ་སྣང་འདྲེན་ཡོང་།།

ཡོད་ཚད་གདུང་བ་འདྲེས་པའི་སྟོན་གྱི་དུས་འདིར།།

སེམས་ཆུང་ངུ་བའི་ཟུག་གཟེར་ཇི་ལྟར་བཟོད་ཨང་།།

སྤང་གཞུང་ནོར་གྱིས་ཁེངས་རུང་མིག་དབང་མི་འཕྲོག།

ལུག་ཁྱུའི་འབའ་སྒྲ་མོད་རུང་ཡིད་སེམས་མི་བསྒུལ།།

སུན་སྣང་ན་བུན་སྟུག་པའི་སྟོན་གྱི་དུས་འདིར།།

ཕྱི་ནང་གང་ལ་བལྟས་རུང་སྐྱོ་ཉམས་ཆེ་བ།།

སྤྲིན་དཀར་ཚོམ་བུ་ཚོམ་བུར་རྒྱུ་བའི་དབུས་ནས།།

ཉི་ཟེར་ས་རུ་འཕྲོས་པ་དྲོད་འཇམ་མིན་པས།།

སྤང་ལ་བ་མོ་ཆགས་པའི་སྟོན་གྱི་དུས་འདིར།།

གྲང་ངད་དལ་གྱིས་བསླེབས་པས་སེམས་པ་འཁྱག་སོང་།།

དཔྱིད་ཀྱི་དཔལ་ཡོན་བསུ་དུས་སྣང་བ་སྐྱིད་ཨང་།།

དབྱར་གྱི་མཛེས་སྡུག་རོལ་དུས་སྤྲོ་བས་ཁེངས་ཡོང་།།

དགུན་ཟླ་རིང་མོ་བསུས་པའི་སྟོན་གྱི་དུས་འདིར།།

སེམས་ཆུང་སྨྲེང་བའི་གླུ་འདི་ངང་གིས་ཤོར་སོང་།།

༼ དམར་ཁ་ཚ།༽