国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་ཟླའི་སྨྲེང་ གཞས།

བྱ་ཁུ་བྱུག་མ་བཞུགས་ཚང་ལ་བསྙེགས་པས། །

ཡུལ་སྟོང་པའི་ལུང་ནས་སྨྲེང་གཞས་འཐེན་གྱིན། །

སྒྲ་གྲགས་པའི་སྙན་དཀར་རྣ་ལ་ཆད་ཚེ། །

དུས་སྟོན་གྱི་ནམ་ཟླ་ཡིད་ལ་མ་འབབ། །

གནས་དབེན་བྲག་ནགས་ཀྱི་དགའ་ཚལ་མཛེས་བྱེད། །

བྱ་རི་དྭགས་ཁྱུ་ཆེན་ཚང་ལ་འཕུར་ན། །

རོགས་ཡ་མེད་བདག་གིས་རེ་ཐག་མ་ཆོད། །

མིག་མཆི་མས་རློན་གྱིན་བསྐྱལ་དགོས་བྱུང་སོང་། །

སྟོང་ནམ་མཁའི་གཞུང་ན་སྙན་ཞིང་རྔམ་པའི། །

སྐད་ལན་སྟོང་བཞད་པའི་གཡུ་འབྲུག་ལྡིར་ན། །

ངའི་སེམས་ཀྱི་རྩ་རླུང་འདར་དུ་ཡོད་ཀྱང་། །

དུས་དེ་ཡང་ཁྱོད་དང་འབྲལ་སྙིང་མི་འདུག །

སྟོན་དུས་ཚིགས་གསར་མའི་འགྱུར་བ་བཙན་དུས། །

ས་ནོར་འཛིན་ཡངས་མོར་གསེར་མདོག་མ་ཡག །

རླུང་རྒོད་པོ་ཤུར་ཤུར་གནམ་ནས་ལྡང་བས། །

ཤིང་འབྲས་ལྡན་ལོ་མར་རང་དབང་མ་བྱུང་། །

ཡུལ་སྤང་ཐང་ལྷ་ཡུལ་དགའ་ལྡན་ཞིང་དུ། །

མཛེས་མེ་ཏོག་སྣ་ལྔའི་འདབ་མ་གྲོལ་དུས། །

སད་སེར་བའི་དྲག་ཆར་ས་ལ་ལྷུང་བས། །

དབྱར་ལང་ཚོའི་དཔལ་ཡོན་བདུད་ཀྱིས་འཚེ་སོང་། །

གཞི་བདེན་མེད་དོན་དམ་རང་གཤིས་འཐད་ཀྱང་། །

སེམས་ཟབ་མོ་རང་བྱུང་ཡུལ་ལ་ཞེན་ན། །

དུས་མི་རྟག་སྐད་ཅིག་ངང་ཚུལ་བཙན་པས། །

དབྱར་ལྷ་ཡི་སྟོན་མོས་གྱེས་ཕྱག་ཕུལ་སོང་། །

༼ རང་མདངས།༽