国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཀྱི་སྟོན་ཁ།

འཚོ་བའི་མེ་ལོང་ཕྱི་ནང་གསལ། །

ལས་ཀྱི་ཚོར་བྱུང་བརྩེ་བས་རུམ། །

དུས་ཆད་ནང་གི་ལན་ཆགས་རེ། །

སེམས་ཀྱི་དབུས་སུ་འཚང་ཁ་གཤིབ། །

ནམ་ཟླའི་གཞུང་དུ་རྨི་ལམ་ཉར། །

ལས་དང་མཐུན་པའི་འཚོ་བ་རོལ། །

སྟོན་ཁའི་མཛེས་པ་ཇི་བཞིན་དུ། །

རང་ཉིད་ཆེད་དུ་ན་ཚོད་སོན། །

སྨུག་པའི་མདངས་ལ་ཆར་སྤྲིན་འདྲེས། །

ལྗོན་ཤིང་རྣམས་ཀྱི་འཛུམ་པ་ཡག །

རང་བྱུང་ཉམས་འགྱུར་འདི་འདྲ་བ། །

ནམ་ཟླ་སྟོན་ཁ་རིང་ནས་མཐོང་། །

སྒྱུ་འཕྲུལ་ཚོགས་སུ་བཏབ་འདྲ་བ། །

མཚན་མོ་གཞུང་གི་འཆར་ཡན་སྙམ། །

བསམ་གྱིན་བསམ་པའི་མཛེས་པ་ལ། །

ཡིད་འོང་བརྒྱ་ཡིས་འགྲན་དུས་མེད། །

མ་བཅོས་ལྷོད་ཆགས་ངོམས་མེད་པ། །

རང་བྱུང་མཚར་སྡུག་རྒྱན་གྱིས་སྤུད། །

ཚོར་བྱུང་འདྲེན་པའི་དུས་ཚོད་ལས། །

སྟོན་ཁའི་མཛེས་ལྗོངས་ལྟ་ན་སྡུག །

ལྷགས་རླུང་ཞིག་གིས་དབུ་ཁྱུད་བགྱིད། །

སེར་མདོག་གོན་པ་མཛེས་པའི་ཡུལ། །

ནམ་ཟླའི་འགྱུར་བ་ཤིན་ཏུ་སྐྱེན། །

སྟོན་ཁ་སེམས་ཀྱི་འཁྲིས་སུ་གཅར། །

ཐོལ་བྱུང་སྤུད་པའི་ཚོར་སྣང་ཡོངས། །

ཡིད་འོང་བསམ་པ་ངང་གིས་འདྲེན། །

བཅོས་མིན་རང་བྱུང་མཛེས་སྡུག་ཆགས། །

དུས་ཀྱིས་གཏོང་བ་སེམས་ཀྱིས་བསུ། །

༼ ཁམས་འོད་གསལ། ༽