【གནད་བསྡུས།】 དཔྱད་མྱོང་འདི་ལས་མི་ཞིག་གིས་དཔེ་ཀློག་བྱེད་པ་ནི་རང་གིས་རང་ལ་བཟའ་ཆས་མཁོ་སྤྲོད་བྱེད་པ་དང་གཉིས་སུ་མ་མཆིས་ཏེ། བཟའ་ཆས་ཇི་ལྟར་བཟས་ན་ལུས་སྟོབས་དེ་ལྟར་རྒྱས་པ་བཞིན་དུ་དཔེ་ཀློག་ཇི་ལྟར་བྱས་ན་རིག་པའི་འཇོན་ཐང་དེ་ལྟར་འཕེལ་བར་འགྱུར་པ་སུས་ཀྱང་བསྙོན་དུ་མེད་པའི་བདེན་དོན་ཡང་དག་ཅིག་རེད།
【གནད་ཚིག】དཔེ་ཀློག། རིག་པའི་འཇོན་ཐང་། ལག་ལེན། ཤེས་རབ་འཕེལ་བ།
དང་པོ། གླེང་བསླངས་བ།
དཔེ་ཆ་གདམས་ངག་ལ་ཤར་ཞིང་།། གདམས་པ་དྲེགས་པས་མ་བཅོམ་པ།།
ཉམས་ལེན་གྲུབ་པས་མ་བོར་བའི།། མཁས་པ་ཞི་དུལ་ཅན་ལ་འདུད།།
གཉིས་པ། བརྗོད་གཞིའི་དགོངས་དོན།
ངོ་མ་བཤད་ན།མི་ཞིག་གིས་དཔེ་ཀློག་བྱེད་པ་ནི་རང་གིས་རང་ལ་བཟའ་ཆས་མཁོ་སྤྲོད་བྱེད་པ་དང་གཉིས་སུ་མ་མཆིས་ཏེ། བཟའ་ཆས་ཇི་ལྟར་བཟས་ན་ལུས་སྟོབས་དེ་ལྟར་རྒྱས་པ་བཞིན་དུ་དཔེ་ཀློག་ཇི་ལྟར་བྱས་ན་རིག་པའི་འཇོན་ཐང་དེ་ལྟར་འཕེལ་བར་འགྱུར་བ་སུས་ཀྱང་བསྙོན་དུ་མེད་པའི་བདེན་དོན་ཡང་དག་ཅིག་རེད།དེ་བཞིན་དུ་སྒོ་ཤེས་རབ་རྒྱ་མཚོས་“ཁྲིད་གཞི་གཅིག་ལ་ཡང་ནས་ཡང་དུ་ལྟ་ཀློག་བྱས་ན་དེའི་འགྲོས་དང་མཐུན་པའི་རིག་ལམ་རྟོགས་ངེས་ལ་ཁྲིད་གཞི་དེ་དང་གཞན་པའི་བར་གྱི་ཁྱད་པར་ཡང་འགྱེད་ཐུབ”ཅེས་གསུངས། ང་ཚོ་ནི་བོད་པ་ཞིག་དང་བོད་སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ངོས་ནས་བཤད་ན་རང་གི་ཁྲིད་གཞི་དང་མེས་པོའི་སྐུ་གསུང་ཐུགས་ཀྱི་རྟེན་དག་ལ་མཇལ་བསྐོར་གྱི་དཔེ་ཀློག་བྱས་མ་ཐུབ་ན་དེ་ནི་རང་གི་ངོ་ཚ་དང་སྐྱོན་ལས་མ་འདས་པས།དགེ་རྒན་ཞིག་གི་མཚན་ཉིད་ཚང་མིན་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཀ་བཟང་མིན་སོགས་ཀྱི་གནད་ཡང་ཐད་ཀར་དེ་ལ་རག་ལས།
དཔེ་ཀློག་གི་དགེ་མཚན་སྐོར་ལ་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་ལགས་ཀྱིས། དཔེ་ཀློག་ནི་འཁོར་འདས་ཤེས་རབ་ཀྱི་མེ་སྟག་སྒྲོན་པའི་ཐོག་མའི་མེ་ཆ་དེ་ཡིན་ལ། སེམས་ཀྱི་རྙོག་མ་གཏིང་རུམ་ནས་སེལ་བའི་ནོར་བུ་ཀེ་ཏ་ཀ་དེ་ཡང་ཡིན། དཔེ་ཀློག་ནི་ལུས་སེམས་ཟུག་རྔུ་དང་རིམས་ནད་འཇོམས་པའི་སྨན་མཆོག་བདུད་རྩི་དེ་ཡིན་ལ། སྣོད་བཅུད་འཇིག་རྟེན་གསར་པ་གཞལ་བའི་རྒྱང་མཐོང་རིག་པའི་མེ་ལོང་ཡང་ཡིན། དཔེ་ཀློག་གིས་ངག་གི་སྨྲ་བརྗོད་བཟང་། བསམ་པའི་འཆར་སྒོ་ཕྱུག། ལུས་ཀྱི་སྤྱོད་ལམ་དུལ། དཔེ་ཀློག་ནི་ཉིན་རེའི་རྒྱུན་སྤྱོད་ཀྱི་འཚོ་བ་ཞིག་ལ་བསམ་དགོས་པ་ལས་དུས་ཚོད་བཅད་རྒྱའི་ལས་དོན་ཞིག་ལ་ནམ་ཡང་འཛིན་མི་རུང་། སུ་ཞིག་དཔེ་ཀློག་གི་འཇིག་རྟེན་ནས་རང་གི་ངང་གིས་འཚོ་ཐུབ་ཚེ་དེའི་རྣམ་དཔྱོད་ནི་ནམ་ཡང་མཐའ་མེད་དུ་རྫོགས། དཔེ་ཀློག་ནི་རང་གསལ་གྱི་མེ་ལོང་དང་། གཞན་མཐོང་གི་ཆུ་ཤེལ་ཡིན་ལ། མི་ཚེའི་ལམ་སྟོན་གྱི་སྒྲོན་མེ་དང་། ཕྱི་མར་བཅོལ་བའི་འཛད་མེད་ཀྱི་ནོར་བུ་དེ་ཡིན། དཔེ་ཀློག་གི་ཞིང་ཁམས་ནི་རང་རྒྱལ་གཞན་ཕམ་མེད་པའི་ཞི་བའི་དག་ཞིང་དེ་ཡིན་ལ། ཆགས་སྡང་དང་རྙོག་འཛིང་མེད་པའི་ཆོས་ཀྱི་བསྟི་གནས་རྣལ་མ་དེ་ཡང་ཡིན།
དཔེ་ཀློག་གོམས་པའི་མི་བུ་ཞིག་ལ་མཚོན་ན། ཤེས་བྱ་ཡོད་ཚད་ལག་མཐིལ་ན་མཆིས་ཤིང་། ཅི་འདོད་ལེགས་ཚོགས་ཀྱི་འབྲས་བུའང་བདེ་བླག་ཏུ་འབྱུང་། དཔེ་ཀློག་མ་བྱས་ཚེ་ཡིག་རྒྱུགས་ཀྱི་སྐར་གྲངས་མི་ལེན། འཚོ་བའི་ལྟོ་མི་འགྲངས། མི་ཚེའི་སྙན་གྲགས་མི་རྒྱས་སྙམ་པའི་དཔེ་ཀློག་པ་དག་ནི། དཔེ་ཆ་དཔེ་ཀློག་དང་། སློབ་གཉེར་ཟེར་དུས་ཆུ་བོ་བརྒལ་བའི་གྲུ་ཆུང་བཞིན་དུ་ནམ་ཞིག་ཕངས་མེད་དུ་འདོར་ངེས། དེས་ན་དཔེ་ཆ་ནི་ལུས་དང་དྲི་མ་ལྟ་བུ་འབྲལ་མེད་ཀྱི་གྲོགས་པོ་ཞིག་དང་། དཔེ་ཀློག་ནི་ནམ་ཡང་ཚིམ་པ་མེད་པའི་ཉིན་རེའི་འཚོ་བའི་ལོངས་སྤྱོད་ཅིག་ལ་བསྒྱུར་དགོས། ནམ་ཞིག་ཁྱོད་ཀྱི་སྣང་ངོར་དཔེ་ཆ་ནི་སུས་ཀྱང་འགྲན་དུ་མེད་པའི་ཡིད་འོང་གི་དངོས་པོ་ཞིག་དང་། དཔེ་ཀློག་ནི་ནམ་ཡང་ངོམས་པ་མེད་པའི་སེམས་ཀྱི་ལོངས་སྤྱོད་ཅིག་ཏུ་གྱུར་ཚེ། ད་གཟོད་ཁྱོད་ནི་དཔེ་ཆ་བ་རྣལ་མ་ཞིག་ཏུ་གྱུར་པའི་རྟགས་མཚན་ཡིན་ལ། དུས་དེ་ནས་ཁྱོད་ཀྱི་ཤེས་རབ་དང་ནུས་སྟོབས་ཀྱང་ཆེས་བླ་མེད་དུ་འཕེལ་ངེས། མཚན་ཐོས་པ་ཙམ་གྱིས་སྙིང་ལ་སིམ་པ་སྟེར་བའི་སྔོན་གྱི་སྐྱེས་ཆེན་དག་ཀྱང་འཆད་པའི་རྨད་བྱུང་གི་ངག་རྩལ་ཡང་དཔེ་ཀློག་གིས་བཀྲོལ། རྩོད་པའི་ཡ་མཚན་གྱི་རིགས་འཕྲུལ་ཡང་དཔེ་ཀློག་གིས་རྫོགས། སྲིད་ན་ངེས་དོན་གྱི་སྙན་གྲགས་ཀྱང་དཔེ་ཀློག་གིས་རྒྱས། གྲུབ་པའི་ཉམས་རྟོགས་ཀྱི་རྒྱལ་མཚན་ཡང་དཔེ་ཀློག་གིས་བསྒྲེངས།
མདོར་ན། དཔེ་ཀློག་གི་འཇིག་རྟེན་ནས་ཚེ་འདིར་བདེ། ཕྱི་མར་སྐྱིད། འཕྲལ་དུ་བཟང་། ཕུགས་སུ་དགེ། དེས་ན། ངེད་ཅག་ངག་ཏུ་གདོན་རྒྱུ། ལག་ཏུ་བླང་རྒྱུ། ཡིད་ལ་བསྒོམ་རྒྱུ་དཔེ་ཆ་ལས་མེད་པ་བྱས་ཏེ། སྲོག་གི་རྒྱུད་སྐུད་ཕྲ་མོ་འདི་མ་ཆད་བར་དུ་དཔེ་ཀློག་གི་འཇིག་རྟེན་ཞིག་ནས་ཁུ་སིམ་མེར་འཚོ་བར་བྱའོ།།
མཇུག་སྨོན།
ཉག་འཕྲང་གི་དུས་འདིར་དགེ་སློབ་རྣམས་ཀྱི་དཔེ་གཟིགས་ལ་རྟིང་སྐུལ་ཅུང་ཟད་ཐེབས་པར་དགེའོ།།
(བྲག་འགོ་རྫོང་སློབ་འབྲིང་། དྷརྨ་ཆོས་སྒྲོན།)
炉霍县中学 德玛曲珍