བྱིས་པའི་ཐོག་མའི་སློབ་གསོ་སྟེ་ཁྱིམ་གྱི་སློབ་གསོ།
དྭངས་གཙང་གི་བྱིས་བློ་ནི་སྤྱི་ཚོགས་ཀྱི་གཡོ་སྒྱུ་ཁྲམ་གསུམ་སོགས་ནག་ནོག་གི་དྲི་མས་མ་གོས་པར་ཆེས་དྭངས་གཙང་དེ་ཡིན་ལ། མི་ཚེ་འདིའི་ཆེས་ཐོག་མའི་བློ་སྒོ་འབྱེད་པའི་དུས་རིམ་ཡིན་པས། ཁྱིམ་གྱི་སློབ་གསོ་ཡག་པོས་གསོ་སྐྱོང་ཐུབ་ན་མ་འོངས་པར་ཕྱོགས་གང་ཐད་ནས་རྨང་གཞི་ཡག་པོ་ཞིག་འཇོག་ནུས་ལ། བྱིས་པ་འདི་མི་ཚེ་ལེགས་པའི་ལམ་ལ་འཇོག་ཐུབ་ཅིང་། མི་ཚེའི་གོ་རིམ་ཁྲོད་དུ་དྲང་བདེན་ལ་དུང་ཞིང་གནས་ལུགས་བརྩི་བའི་མི་ཡ་རབས་ཤིག་ཏུ་འགྱུར་རྒྱུ་ཡིན་པས། མི་ཚེ་འདིའི་སྐས་རིམ་དང་པོ་དེར་བདེ་བླག་གིས་སྤོ་ཐུབ་ཆེད། ཕ་མ་རྣམས་ཀྱིས་ཆུང་བྱིས་པ་ནས་འགོ་བརྩམས་ཏེ་རང་གི་བྱིས་པ་དེ་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུར་ཤུགས་བརྒྱབ་ནས་ཁ་ཏ་དང་སློབ་གསོ་བཏང་སྟེ་ལེགས་པའི་ལམ་ལ་ཅིས་ཀྱང་འཇུག་ཐུབ་པར་བྱ་དགོས་སོ།། གཅེས་མ་ཤེས་གཅེས་ཕྲུག་གཅེར་བུ་མི་ཕུད་པར། བྱིས་པའི་དུས་ནི་སྡོང་ཕྲུག་ཅིག་བཙུགས་པ་དང་འདྲ་བས་ཆུང་ནས་ཡག་པོ་ཞིག་བསྐྱངས་ཐུབ་ནས་དེ་དྲང་པོར་སྐྱེ་ཐུབ་ལ། དེ་ལས་ལྡོག་སྟེ་ལང་ཤོར་དུ་སོང་ནས་སྡོང་རྒན་དུ་ལོག་ཚེ་བཅོས་ཐུབ་རྩ་བ་ནས་མེད་དོ།། དེ་བས་ཕ་མ་ཚོས་བྱིས་པའི་དུས་ནས་འགོ་བརྩམས་ཏེ་བྱིས་པའི་ཀུན་སྤྱོད་ལ་མཉམ་འཇོག་བྱས་ནས་གཟབ་ནན་སྒོས་ངན་པར་ཕྱོགས་ན་དེར་སློབ་གསོ་བཏང་ནས་བཅོས་པའམ་ཡང་ན་དེར་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལྟར་རྒྱལ་པོའི་བཀའ་ལས་དབྱུག་པ་བཙན་པའི་ཐབས་ལམ་གང་ལ་གང་འཚམ་རེ་སྤྱད་ནས་ངན་པར་ཕྱོགས་པའི་བསམ་བློ་དེ་བཟང་ཕྱོགས་ལ་འགུག་ཅི་ཐུབ་བྱ་དགོས་ཤིང་། དེ་འདྲ་མིན་པར་བཟང་ཕྱོགས་སུ་སོང་ན་དེ་ལ་བསྟོད་བསྔགས་བྱས་ནས་གཟེངས་རྟགས་སྟེར་བ་དང་བསྔགས་བརྗོད་བྱས་ནས་བྱིས་པའི་བཟང་ཕྱོགས་ཀྱི་ཀུན་སྤྱོད་བཟང་པོ་མུ་ནས་རྒྱུན་སྲིང་དགོས་པའི་སྐོར་ལ་ཤུགས་རྒྱག་ཅི་ཐུབ་བྱ་དགོས། བྱིས་པས་དུས་རྒྱུན་རྩེད་འཇོ་ལ་རོལ་ཚེ། ཕ་མས་རང་གིས་ཀྱང་ཁ་པར་ལ་མགོ་གཡེང་ནས་མི་འདུག་པར་བྱིས་པའི་རྩེད་འཇོའི་གོ་རིམ་ཁྲོད་དུ་ལྟ་རྟོག་ནན་པོ་བྱས་ནས་ཡ་རབས་བཟང་ཕྱོགས་སུ་འགྲོ་བའི་ཐབས་ལམ་དང་ངེས་ཤེས་སྐྱེ་རུ་བཅུག་ཅིང་། བྱིས་པ་རྩེད་འཇོའི་ཁྲོད་ནས་སེམས་ཁམས་དང་ལུས་ཕུང་བདེ་ཐང་གི་སྒོ་ནས་འཚར་ལོངས་ཡོང་བར་ཕྱོགས་ཀུན་ནས་འབད་དགོས་སོ།།
བྱིས་པའི་ཀུན་སྤྱོད་སློབ་གསོ་སྟེ་སྤྱོད་བཟང་སློབ་གསོ།
ཀུན་སྤྱོད་ཅེས་པ་ནི་ཀུན་ཏུ་སྤྱོད་པ་སྟེ་མིའི་ལུས་ངག་ཡིད་གསུམ་མམ་དེ་གསུམ་གང་རུང་གི་བྱ་སྤྱོད་དམ་སྤྱོད་ལམ་དང་། མིའི་བསམ་ཚུལ་དང་སྤྱོད་ཚུལ་གྱི་སྤྱི་མིང་ཡིན་ཞེས་ཚིག་མཛོད་དག་ལས་གསལ་ཞིང་། ཤེས་རབ་དང་འཆམ་མཐུན་གྱི་དུས་རབས་འདིར་མི་ཞིག་ལ་ཐོག་མར་ཡོད་དགོས་པ་ནི་ཀུན་སྤྱོད་བཟང་པོའི་རྨང་གཞིའི་སྟེང་ཤེས་རིག་ཡོན་ཏན་གྱི་ཕྲ་རྒྱན་བཏབ་ན་ད་གཟོད་མི་ཚེ་འདི་དོན་སྙིང་དང་རིན་ཐང་ལྡན་པ་ཞིག་ཏུ་འགྱུར་རྒྱུ་ཡིན་ལ། ཀུན་སྤྱོད་བཟང་པོ་ཞིག་དང་ལྡན་པར་སྐྱེད་སྲིང་བྱ་རྒྱུ་ནི་དྲིན་ཕ་མ་དང་དགེ་རྒན་ཟུང་གིས་བརྩོན་པ་མཐར་བསྐྱེད་བྱ་དགོས་པའི་གནད་དམ་པ་ཞིག་ཏུ་ལགས་སོ།། བྱིས་པ་ཆུང་དུས་ཀྱི་བློ་རིག་དང་ཡིད་འཛིན་ཧ་ཅང་མྱུར་ལ། མྱུར་བ་ཙམ་དུ་མ་ཟད་སེམས་སུ་བཞག་ཟིན་པ་དག་བརྗེད་དཀའ་བ་ཞིག་ཡིན། དེས་ན་བྱིས་པར་ཆུང་ནས་ཆེ་བར་གུས་བཀུར་དང་ཆུང་བར་བྱམས་སྐྱོང་དགོས་ཚུལ་གྱི་བག་ཆགས་རེ་བཞག་པ་ནི་མིའི་རིགས་ཀྱི་བླ་ན་མེད་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་པར་མ་ཟད། འུ་ཅག་བོད་ཁ་བ་ཅན་གྱི་བྱིས་པ་ཞིག་ལ་མཚོན་ནའང་འདི་ནི་ཆེས་མ་མཐའི་ཤེས་དགོས་པའི་ཀུན་སྤྱོད་དེ་ཡིན་པས། འུ་ཅག་བོད་ཀྱི་བྱིས་པར་མཚོན་ན་ཆུང་ནས་བྱ་བྱེའུ་འབའ་འབུ་སོགས་གསད་མི་རུང་བ་དང་མེ་ཏོག་དང་ལྗོན་ཤིང་སོགས་རྡོག་བརྫིས་དང་གཅོད་གཏུབ་སོགས་མི་རུང་བའི་རང་བྱུང་ཁམས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་དགོས་ཚུལ་སོགས་ནི་བོད་ཀྱི་ཕ་མ་ཞིག་ཡིན་པ་ནས་བཟུང་སློབ་གསོ་གཏོང་བཞིན་ཡོད་པས། དེ་ལྟར་གྱི་སྲོལ་རྒྱུན་གྱི་སློབ་གསོ་བཟང་པོའི་སྣེ་མཐུད་ནས་ཕ་མ་དང་དགེ་རྒན་རྣམས་ཀྱིས་བྱིས་པ་ཆུང་དུས་ནས་ཚེ་སྲོག་འདྲ་མཉམ་གྱིས་འདུ་ཤེས་སྐྱེད་སྲིང་བྱས་ནས་རང་བྱུང་ཁམས་ལ་སྲུང་སྐྱོབ་དགོས་ལུགས་དང་། ཆེ་བཀུར་ཆུང་བྱམས་ཀྱི་གོམས་གཤིས་ཡག་པོ་ཞིག་ལོབས་སུ་བཅུག་ཅིང་ཆེ་བར་ཨ་ཡེ་ཨ་མྱེ་དང་ཨ་ཁུ་ཨ་ནེ་སོགས་དང་ཆུང་བར་ནུ་བོ་ནུ་མོ་སོགས་འབོད་ལུགས་བསླབས་ནས་ཡ་རབས་སྤྱོད་བཟང་ལ་ཕྱོགས་དགོས་པའི་ཁ་ཏ་སློབ་གསོ་གཏང་དགོས་པ་དང་། གལ་ཏེ་དེ་ལས་ཟློག་པ་བྱུང་ན་དེ་མུར་སློབ་གསོ་བཏང་ནས་སྤྱོད་ཚུལ་དེ་དག་མི་ལེགས་པ་ཡིན་ཚུལ་སོགས་ཀྱི་ཁ་ཏ་བྱས་ནས་སྐྱོན་ཆ་དེ་དག་ཡོ་བསྲང་བྱས་ནས་བྱིས་པ་ཆུང་དུས་ནས་ཀུན་སྤྱོད་བཟང་བའི་མི་ཞིག་གི་ལམ་ལ་འཇུག་པར་བརྩོན་རྒྱུ་ནི་དགེ་རྒན་དང་ཕ་མ་དག་ལ་རགས་ལས་པས་དེ་བཞིན་བརྩོན་པ་བསྐྱེད་དགོས་པ་ནི་གནད་ཀྱི་དམ་པ་ལགས་སོ།།
བྱིས་པའི་སྐད་ཆའི་སློབ་གསོ་སྟེ་སྨྲ་བརྗོད་སློབ་གསོ།
རང་རྒྱལ་གྱི་སློབ་གསོ་མཁས་པ་ཡེར་ཧྲིན་ཐོ་ལགས་ཀྱིས་སློབ་གསོ་ནི་ཅི་ཞིག་ཡིན་ནམ། དེ་ནི་སྟབས་བདེ་བའི་ངང་ནས་བཤད་ན། སྐད་ཆ་གཅིག་སྟེ། གོམས་གཤིས་ཡག་པོ་རྒྱུད་ལ་གོམས་སུ་འཇུག་རྒྱུ་དེའོ་ཞེས་གསུངས་པ་བཞིན། གོམས་གཤིས་ཡག་པོ་ནི་མི་ཞིག་ལ་མཚོན་ན་མི་ཚེའི་འདིའི་ཐེམ་སྐས་གལ་ཆེན་ཞིག་ཡིན་ཏེ། གོམས་གཤིས་ཡག་པོ་ལ་སློབ་སྦྱོང་གི་གོམས་གཤིས་དང་ཡ་རབས་ཀྱི་གོམས་གཤིས། ངལ་རྩོད་ཀྱི་གོམས་གཤིས་སོགས་སྣ་མང་ལ། བྱིས་པའི་དུས་ནས་བཟུང་རང་ཉིད་ལ་བརྟེན་པ་དང་། རྫུན་དང་ཕྲ་མ་སྤངས་པ། ཕ་མ་ལ་བརྩི་བཀུར་བྱེད་པ། སློབ་གྲོགས་ལ་འགྲིག་མཐུན་བྱེད་པ་སོགས་ཀྱི་གོམས་གཤིས་རྒྱུད་ལ་འཇགས་སུ་འཇུག་དགོས་ཤིང་། ལྷག་པར་བྱིས་པ་ཆུང་དུས་སྨྲ་བརྗོད་དག་མོ་ཞིག་གི་སྒོ་ནས་སྐད་ཆ་བཤད་པའི་གོམས་གཤིས་བཟང་པོ་ལོབས་སུ་བཅུག་དགོས། བོད་ཀྱི་བྱིས་པ་ཞིག་ལ་མཚོན་ན་བོད་ཀྱི་དམངས་ཁྲོད་ཀྱི་ངག་རྒྱུན་དང་གཏམ་དཔེ་དག། ཕ་མ་དང་དགེ་རྒན་དག་གིས་བྱིས་པར་སྐད་ཆ་རེ་རེ་ཡིན་ནའང་ཚིག་འབྲུ་རེ་བཞིན་སྒྲ་དག་སྒྲོས་གཙང་གིས་བསླབ་ནས་བཤད་ཐུབ་པར་བྱ་དགོས་པ་དང་དེ་ལ་དགའ་བའི་འདུ་ཤེས་སྐྱེད་སྲིང་ཐུབ་དགོས། དགའ་ཕྱོགས་ནི་ཆེས་ལེགས་པའི་དགེ་རྒན་ཡིན་ཟེར་བ་ལྟར། དགའ་ཕྱོགས་སྐྱེད་སྲིང་བྱ་རྒྱུ་ནི་ཁྱིམ་བདག་དང་དགེ་རྒན་དག་གིས་གཡོལ་དུ་མི་རུང་བའི་ལས་འགན་གལ་ཆེན་ཞིག་ཡིན་ལ། བྱིས་པ་ཞིག་ལ་དགའ་ཕྱོགས་ཡོད་པར་གྱུར་ན་ལས་གང་ཞིག་ཡིན་ཡང་ཤུགས་བརྒྱབ་ནས་སྒྲུབ་ངེས་ལ། བྱིས་པས་སྐད་ཆ་བཤད་པའི་ངག་རྩལ་གྱི་ནུས་པ་སྦྱོང་བརྡར་བྱེད་སྐབས་བྱིས་པའི་སེམས་ཁམས་ཀྱི་ཁྱད་ཆོས་དང་བརྩེ་དུང་གི་མྱོང་བ་སྣང་མེད་དུ་མི་བཞག་པར་བོད་ཀྱི་དམངས་ཁྲོད་གཏམ་དཔེ་དང་ངག་རྒྱུན་སོགས་ངག་ཐོག་རིག་གནས་འདི་དག་བྱིས་པའི་ཤ་གསེང་རུས་གསེང་དུ་འཐིམས་པར་བྱས་ནས་སྐད་ཆའི་གོ་བརྡ་སྤྲད་ཐབས་གཏམ་དཔེ་སོགས་ངག་ཐོག་རིག་གནས་འདི་དག་ངེས་པར་དུ་ལོབས་སུ་འཇུག་དགོས། རིག་གནས་འདི་བོད་ཀྱི་བྱིས་པར་དབང་བའི་རིག་གནས་ཁྱད་མཚར་ཅན་ཞིག་ཡིན་ལ། འདི་དག་ལེགས་པར་ཤེས་སོང་ན་སློབ་སྦྱོང་གི་སྒོ་ཐེམ་བསྙེགས་ནས་སྐད་ཡིག་གང་འདྲ་ཞིག་སྦྱོང་ནའང་སྐད་ཆའི་སྔོན་འགྲོ་ལེགས་པར་འགྲུབ་ཡོད་པས་དཀའ་ཁག་རྩ་བ་ནས་མེད་པ་ཞིག་ཏུ་ཆགས་ཐུབ་ལ། བྱིས་པའི་རང་ཉིད་ཀྱི་སེམས་ལ་དྲན་ཚུལ་དག་སྐད་ཆའི་ལམ་ནས་ཕ་རོལ་པོར་བརྡ་གསལ་པོ་འཕྲོད་ཐུབ་པར་མ་ཟད་སྐད་ཆའི་སྨྲ་བརྗོད་དང་སྐད་ཆའི་གོམས་གཤིས་ལེགས་པར་ཆགས་ཤིང་། མ་འོངས་པར་རྩོམ་འབྲི་སོགས་ཀྱི་རྨང་གཞིའང་ངེས་ཅན་ཞིག་ཆགས་ཐུབ་པས་བྱིས་པའི་སྐད་ཆ་སྒྲ་དག་སྒྲོས་གཙང་ཞིག་བཤད་ཐུབ་པའི་སྨྲ་བརྗོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་ཏུ་ལགས་སོ།།
( རྟའུ་རྫོང་གཡུ་མཁར་གྲོང་རྡལ་བཅའ་སྡོད་སློབ་གྲྭའི་དགེ་རྒན། འཇིག་ཁོ།)
道孚县玉科片区寄宿制学校 吉科