དབྱང་གཉིས་ཐཱན་རྫས་ས་ཞིང་ནས་རླུང་ཁམས་སུ་འཕྲོ་བ་དང་དབྱང་དབུགས་རླུང་ཁམས་ཆེན་མོ་ནས་ས་ཞིང་དུ་འཕྲོ། དེ་ནི་ས་ཞིང་དང་རླུང་ཁམས་བར་དུ་མཁའ་དབུགས་བརྗེ་རེས་བྱེད་སྟངས་གཙོ་བོ་དེ་རེད། ས་ཞིང་གི་མཁའ་དབུགས་རྒྱུ་བའི་ནུས་པ་བཟང་པོའི་ཚད་གཞི་ལ་སྤྱིར་བཏང་ས་ཞིང་གི་རླུང་རྒྱུ་ས་བུག་བརྒྱ་ཆ་བཅུ་ལས་མི་ཉུང་ན་བཟང་པོར་བརྩི་ལ། རླུང་རྒྱུ་ས་བུག་གི་ཤོང་ཚད་ས་ཞིང་གི་ས་བུག་སྤྱིའི་ལྔ་ཆའི་གཅིག་ནས་གཉིས་སུ་ཟིན་ན་ས་ཞིང་གིས་ལོ་ཏོག་སྐྱེ་པ་ལ་བར་དུ་མི་གཅད་པའི་ཚད་གཞིར་བྱེད་པ་ཡིན། ས་ཞིང་གི་མཁའ་དབུགས་རྒྱུ་བའི་ནུས་པ་ལ་སའི་རྒྱུ་སྤུས་དང་། གྲུབ་ཚུལ། ས་ཞིང་གི་བུག་སྲུབས། ཆུ་ཡི་འདུས་ཚད་སོགས་ཀྱིས་ཤུགས་རྐྱེན་བཏོན། མཁའ་དབུགས་རྒྱུ་བའི་ནུས་པ་ཞན་ན་རྨོས་ནས་བུག་སྲུབས་ཇེ་མང་དུ་བཏང་བ་ལ་བརྟེན་ནས་འགྱུར་བ་གཏང་ཆོག་གོ། ས་ཞིང་གི་དྲོ་ཚད་གནས་ཚུལ་གྱིས་ནི། ས་ཞིང་གི་ལོ་ཏོག་སྐྱེ་སྨིན་དང་། སྐྱེ་དངོས་ཕྲ་མོའི་འགུལ་སྐྱོད། འཚོ་བཅུད་འགྱུར་རེས། རླན་གཤེར་ཆེ་ཆུང་། མཁའ་དབུགས་གི་འགུལ་སྐྱོད་སོགས་ཚང་མ་ལ་ཤུགས་རྐྱེན་འདོན་བཞིན་ཡོད། ས་ཞིང་གི་དྲོད་ཚད་ནི་ས་ཞིང་གི་ཚ་བ་འཇལ་བའི་ཚད་གཞི་ཡིན་ཞིང་དེས་ས་ཞིང་གི་ཚ་ནུས་བཏང་ལེན་ཆ་སྙོམས་དང་མི་སྙོམས་པའི་གནས་ཚུལ་མཚོན་པར་བྱེད། ས་ཞིང་གི་ཚ་ནུས་ཡོང་ཁུངས་གཙོ་བོ་དང་རྩ་བ་ནི་ཉི་འོད་ཡིན། ཉི་འོད་འོག་ཏུ་སྒྲིབ་བྱེད་མེད་པའི་ས་ཞིང་སྒྲེན་མོར་དྲོད་ཚད་འཕེལ་བདེ་ཞིང་། དཔྱིད་ཀའམ་ས་ངོས་རྩི་ཤིང་གི་ཁེབས་ཡོད་སྐབས་ཞིང་གི་ཚ་བ་མི་ཉུང་བ་ཞིག་ཉི་འོད་ཀྱིས་དྲོ་པོར་བྱས་པའི་མཁའ་རླུང་ལས་ཡོང་ལ། སྟོན་ཀ་དང་མཚན་མོའི་སྐབས་སུ་ཞིང་གི་ཚ་བའི་ཆ་ཤས་ཤིག་ས་འོག་གདིང་ཟབ་ས་ནས་ཡོང་བཞིན་ཡོད། དེ་མིན་པ་ད་དུང་རྩི་ཤིང་ལྷག་སྙིགས་དང་ས་ཞིང་ཁྲོད་ཀྱི་ཚ་བ་བཏང་ནུས་པའི་རྫས་འགྱུར་གྱི་འགྱུར་ལྡོག་ལས་ཀྱང་ཚ་བ་ཡོང་བཞིན་ཡོད། རྩི་ཤིང་ལྷག་སྙིགས་སྟོང་ཁེ་རེ་ལས་ཚ་བ་ཅོར་སྟོང་ཕྲག་བཅུ་དྲུག་ནས་ཉི་ཤུ་ལྷག
(༡༦.༧༥-༢༠.༩༣kj/kg) འབྱུང་ཞིང་དེས་ས་དྲོད་ལ་ཕན་མངོན་གསལ་དོད་པོ་ཐོགས་བཞིན་ཡོད། རྟ་དང་ཀུ་རུ་ར་ལུག་གིས་ལུད་ཀྱིས་ཞིང་གི་ཚ་བ་འཕེལ་བ་ལ་ཕན་ཡག་པོ་ཐོགས་པ་ཡིན། འོན་ཀྱང་དེ་དག་ལས་བྱུང་བའི་ཚ་བ་ཉི་འོད་ལས་བྱུང་བ་དང་བསྡུར་ན་རྒྱ་མཚོའི་ནང་གི་ཐིགས་པ་ཙམ་ལས་མེད། གཞན་ད་དུང་གོ་ལའི་ནང་ཁུལ་ནས་ས་ངོས་སུ་འདྲེན་པའི་ཚ་ནུས་ཀྱང་ཡོད་མོད། འོན་ཀྱང་མེ་རིའི་ཉེ་ཁོར་ལྟ་བུ་མ་གཏོགས་གཞན་དུ་ས་ཞིང་གི་དྲོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་ཀྱིན་མེད། སའི་ཁ་དོག་དང་ཆུ་འདུས་མང་ཉུང་སོགས་ཀྱི་དབང་གིས་ས་ཞིང་གི་ཚ་བ་འཇིབ་པའི་ནུས་པའང་མི་འདྲ། རུལ་རྫས་མང་པོ་འདུས་པའི་སའི་ཁ་དོག་ནག་ཤས་ཆེ་ཞིང་ཚ་བ་འཇིབ་པའི་ནུས་པ་ཤིན་ཏུ་ཆེ། སའི་ཕྱི་ངོས་སུ་གོ་ཐལ་དང་ལྷས་རའི་ལུད་བཀྲམ་ན་ཡང་ས་ཞིང་གི་དྲོད་འཇིབ་པའི་ནུས་པ་ཆེར་འགྲོ། ས་ཞིང་རློན་ཤས་ཆེ་སྐབས་ཁ་དོག་ནག་ཤས་ཆེ་ཞིང་ཚ་བ་འཇིབ་པའི་ནུས་པའང་ཆེ་མོད། འོན་ཀྱང་ས་འོག་ཏུ་ཐིམ་ནས་ཞིང་དྲོད་ཚད་འཕར་བ་ལ་ཕན་མི་ཐོགས། ས་ངོས་ཁོད་སྙོམས་པར་འོད་ཀྱི་ལྡོག་འཕྲོ་བྱེད་ཚད་མཐོ་བས་ཚ་བ་འཇིབ་པའི་ནུས་པ་ཞན་ལ། ས་ངོས་ཁོད་མི་སྙོམས་པའི་ཚ་བ་འཇིབ་བའི་ནུས་པ་ཆེ། དཔྱིད་མགོར་སྲིབ་ངོས་ཀྱི་ས་ཞིང་གིས་གཙོ་བོ་མཁའ་རླུང་ཁྲོད་ནས་ཚ་བ་འཇིབས་ནས་དྲོད་གསོ་དགོས་པས་ས་སོབ་སོབ་དང་ས་ངོས་རྩིང་པོ། ས་བུག་མང་པོ། ཁོད་མི་སྙོམས་པ་སོགས་ཀྱིས་ཚ་བ་གཞིབ་པ་ལ་ཕན་ཐོགས་པ་ཡིན། ས་ཞིང་གིས་ཚ་དྲོད་ཆེར་སོང་ན་ཕར་གཏོང་བཞིན་ཡོད། གཏོང་སྟངས་ལ་ཚ་རླབས་འཕྲོ་བ་དང་། རླངས་པ་འཕྱུར་བ། ས་ལ་རྒྱུ་བ། མཁའ་རླུང་བརྗེ་བ་བཅས་ལ་བརྟེན་དགོས། ཞིང་ལ་རློན་ཤས་ཇི་ཙམ་ཆེ་ན་དེ་ལ་ལྟོས་པའི་མཁའ་རླུང་གི་རློན་ཤས་དེ་ཙམ་ཆུང་ཞིང་རླངས་པ་དེ་ཙམ་འཕྱུར་མང་པས་ཚ་བ་ཡང་དེ་ཙམ་གཏོང་མང་། དེ་བས་དབྱར་ཀར་ས་ཞིང་གི་དྲོད་ཚད་མཐོ་དྲགས་དུས་ཆུ་དྲངས་ནས་མར་ཕབ་ཐབས་བྱེད་ཆོག། མཚན་མོ་གཡའ་དག་པའི་སྐབས་སུ་ས་ངོས་ལ་སྒྲིབ་ཁེབས་མེད་ན་ས་ཞིང་གི་ཚ་བ་འཕྲོ་ཆེ་ཞིང་དྲོད་ཚད་འགྲིབ་མགྱོགས་པ་དང་། མཚན་མོ་ནམ་མཁར་སྤྲིན་པ་མང་བའམ་ས་ངོས་ལ་སྒྲིབ་བྱེད་ཀྱི་དངོས་པོ་ཡོད་ན་ཚ་བ་འཕྱུར་ཉུང་ཞིང་དྲོད་འགྲིབ་ཐོགས་པ་ཡིན། དེ་བས་སོ་ནམ་ཁྲོད་དུ་ཁེབས་ཀྱིས་བཀབ་པ་དང་། དུ་བ་བཏང་བ། སོག་སྙིགས་ཀྱིས་འགེབས་པ་སོགས་ཀྱིས་ས་ཞིང་གི་དྲོད་སྲུང་བ་དང་། སད་འགོག་པ། ལྗང་མྱུག་སྐྱོར་བ་བཅས་བྱེད་མཁན་ཡོད། ས་ཞིང་གི་དྲོད་ཚད་འགྱུར་ལྡོག་ལ་ཉིན་ཞག་གི་འགྱུར་ལྡོག་དང་ལོའི་འགྱུར་ལྡོག་གཉིས་སུ་ཕྱེ་ཆོག། ཉིན་ཞག་གཅིག་ལ་མཚོན་ན། མཚན་མོར་དྲོད་ཚད་མར་ལྷུང་ཞིང་ནམ་གསལ་ཁ་ལ་དྲོད་ཚད་ཆེས་དམའ་བར་གྱུར་ཅིང་། ཉི་འོད་ཕོག་རྗེས་ས་ངོས་ཀྱི་དྲོད་ཚད་སླར་ཡང་རིམ་བཞིན་འཕར་ཞིང་ཉིན་གུང་ཆུ་ཚོད་དང་པོ་གཉིས་པའི་སྐབས་ལ་དྲོད་ཚད་ཇེ་མཐོར་གྱུར་ལ་དེ་ནས་རིམ་བཞིན་ཇེ་དམའ་རུ་འགྲོ། ས་གདིང་ཟབ་སའི་དྲོད་ཚད་འཕེལ་འགྲིབ་ས་ངོས་ལས་ཅུང་ཕྱི་ལ་ས་གདིང་ཟབ་ཅིང་ཟབ་ལ་ཉིན་མཚན་ལ་ལྟོས་པའི་དྲོད་ཚད་འགྱུར་ལྡོག་ཆུང་། སྤྱིར་བཏང་དུ་ས་འོག་ལ་ལི་སྨི་བརྒྱད་ཅུ་ནས་བརྒྱའི་བར་ལ་སླེབས་སྐབས་སའི་དྲོད་ཚད་ཉིན་མཚན་དང་བསྟུན་ནས་འགྱུར་བ་ཕལ་ཆེར་འགྲོ་བཞིན་མེད། ལོའི་འགྱུར་ལྡོག་ཅེས་པ་ནི་ལོ་གཅིག་ནང་གི་ཟླ་བ་སོ་སོའམ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་སོ་སོར་ས་ཞིང་གི་དྲོད་ཚད་འགྱུར་ལྡོག་འགྲོ་སྟངས་ཏེ། ས་མཐོ་ས་ན་ཟླ་བ་གསུམ་པ་ནས་འགོ་བཙུགས་ཏེ་དྲོད་བབས་ཤིང་ཟླ་བ་བདུན་པ་བརྒྱད་པར་མཐོ་ཤོས་སུ་སླེབས་པ་དང་། དེ་ནས་རིམ་བཞིན་མར་འགྲིབ་སྟེ་ཟླ་བ་དང་པོ་གཉིས་པར་དམའ་ཤོས་སུ་སླེབས་པ་ཡིན། ས་འོག་གཏིང་ཟབ་ཅིང་ཟབ་ལ་སའི་དྲོད་ཚད་ལོའི་འགྱུར་ལྡོག་འགྲོ་ཚད་ཆུང་ཞིང་། མཐོ་ཤོས་དང་དམའ་ཤོས་སུ་སླེབས་པའི་དུས་ཚད་ཀྱང་ཕྱི་ལ། ཟབ་ཚད་ངེས་ཅན་ལ་སླེབས་སྐབས་སར་ལོའི་དྲོད་ཚད་འགྱུར་ལྡོག་མེད་པར་གྱུར། ས་ཞིང་གི་དྲོད་ཚད་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཉི་འོད་ཡིན་ལ། མཚོ་དཔངས་མཐོ་ས་ལ་ཉི་འོད་འཕྲོ་ཆེ་ཡང་ས་ཞིང་གི་དྲོད་གཏོང་སླ་བས་ས་ཡི་དྲོད་ཚད་འགྱུར་ལྡོག་ཐང་བདེ་ས་ལས་ཆེ། ཉིན་ཕྱོགས་ཀྱི་དྲོད་ཚད་སྲིབ་ངོས་ལས་ཆེ་བ་དང་། ནུབ་ངོས་ཀྱི་དྲོད་ཚད་ཤར་ངོས་ལས་མཐོ། གཞན་ས་ཞིང་གི་རྒྱུ་སྤུས་དང་། གྲུབ་ཚུལ། ཚགས་དམ་ལྷོད། ས་བུག། རློན་ཤས་ཆེ་ཆུང་རྣམས་མི་འདྲ་བའི་དབང་གིས་དྲོད་ཚད་ཀྱི་འགྱུར་ལྡོག་ལའང་ཁྱད་པ་འགྲོ། ས་ཞིང་གི་ཚ་བ་ནི་ལོ་ཏོག་སྐྱེ་སྨིན་ལ་མེད་དུ་མི་རུང་བའི་རྩ་བའི་ཆ་རྐྱེན་ཞིག་སྟེ། ས་བོན་ལ་མཆུ་འབུད་རྐྱོང་བ་དང་རྩི་ཤིང་འཚར་ལོངས་ཡོང་བ་ཚང་མ་ལ་ས་ཞིང་གི་དྲོད་ཚད་འོས་ཤིང་འཚམས་པ་དགོས། ས་ཞིང་གི་དྲོད་ཚད་ཀྱི་སྐྱེ་དངོས་ཀྱི་ཚེ་སྲོག་ལ་དངོས་སུ་ཤུགས་རྐྱེན་བཏོན་པར་མ་ཟད། ད་དུང་དཔེར་ན་སྐྱེ་དངོས་ཕྲ་མོའི་འགུལ་སྐྱོད་དང་། སྐྱེ་ལྡན་རྫས་བཅུད་གྱི་འགྱུར་བ། སའི་རློན་ཤས་གསོག་འཇོག་དང་མཁོ་འདོན། འཚོ་བཅུད་ཀྱི་ཞུ་བ་སོགས་ས་ཞིང་གི་ལུད་ཤེད་གཞན་པ་རྣམས་ཀྱིས་ལོ་ཏོག་ལ་ནུས་པ་བཏོན་པར་
ཤུགས་རྐྱེན་བཏང་བར་བརྟེན་ཏེ་རྒྱུད་ནས་ཀྱང་བྱེད་ནུས་འདོན་པ་ཡིན། ས་ཞིང་གི་དྲོད་ཚད་ལ་ས་དེ་ལ་འཕྲད་པའི་ལོ་ཏོག་བདམས་པ་དང་། རྨོ་མཐིལ་འཕྲད་པའི་དུས་སུ་རྨོ་བ། རྨོ་སྟངས་བཟང་པོ་བྱེད་པ། ར་ལུད་ལུག་ལུད་རྟ་ལུད་སོགས་བཀྲམ་པ། རློན་ཤས་ཚད་རན་པའི་སྐབས་སུ་རྨོ་བ། འགྱིག་སྐྱི་བསྐོན་པ། འགྱིག་གུར་ཕུབ་པ་སོགས་ཀྱིས་ལེགས་སྒྲིག་བྱེད་ཆོག་གོ། གཞན་ས་ཞིང་ལ་ཕྱི་རོལ་ནས་བྱུང་བའི་བར་ཆད་འགོག་པའི་ནུས་པ་ཡོད་ཅིང་། མིང་ལ་ས་ཞིང་གི་རང་སྲུང་རང་བཞིན་ནམ་རང་སྲུང་ནུས་པ་ཟེར། དཔེར་ན་སྨན་རྫས་སོགས་སྦགས་བཙོག་བྱེད་པའི་དངོས་རྫས་ཉུང་ངུ་བྱུང་སྐབས་ས་ཞིང་རང་གིས་རང་ཉིད་གཙང་མར་བྱས་ཏེ་ལོ་ཏོག་ལ་གནོད་མི་ནུས་པ་དང་། ས་ཞིང་གི་ཞུན་མའི་ཁྲོད་ཀྱི་འཚོ་བཅུད་རྣམས་ལོ་ཏོག་གིས་འཇིབས་རྗེས་སླར་ཡང་ཚད་ངེས་ཅན་དུ་བསྐྱར་གསོ་བྱེད་ཐུབ་པ་ལྟ་བུ། དེ་བས་ས་ཞིང་གི་ཆུ་དང་རླུང་དང་དྲོད་དང་བཅུད་དང་སྦགས་བཙོག་དངོས་རྫས་རྣམས་འཕེལ་འགྲིབ་བྱུང་སྐབས་ཚད་ངེས་ཅན་ཞིག་གི་ནང་དུ་ས་ཞིང་གི་དངོས་ལུགས་དང་རྫས་འགྱུར་འཚོ་བཅུད་ལ་སོགས་པའི་རང་བཞིན་ལ་འགྱུར་བ་མི་འགྲོ་ཞིང་། མུ་མཐུད་དེ་ལོ་ཏོག་གི་སྐྱེ་སྨིན་དང་ས་ཞིང་གི་སྐྱེ་དངོས་འགུལ་སྐྱོད་ལ་རན་ཞིང་འཚམས་ལ་ཅུང་གཏན་འཇགས་ཡིན་པའི་ཁོར་ཡུག་གི་མཐུན་རྐྱེན་བསྐྲུན་ཐུབ་པ་ཡིན། ས་ཞིང་གི་འཚོ་བཅུད་གསོག་ཅིང་འཛིན་པའི་ནུས་པ་ལ་ས་ཞིང་གི་ལུད་འཛིན་རང་བཞིན་ཟེར། ས་ཞིང་གི་ལུད་འཛིན་སྟངས་ལ་ཞུ་དཀའ་བའི་འདྲེས་སྦྱོར་དངོས་རྫས་ཀྱི་རྣམ་པར་ས་ཞིང་དུ་གསོག་པ་དང་། གྱེས་རྡུལ་རྣམ་པས་ས་ཞིང་གི་འཐས་གཟུགས་ངོས་སུ་འབྱར་བ་བཅས་རྣམ་པ་གཉིས་ཡོད། ཞིབ་ཕྲ་བྱས་ན་ཆུ་དང་མཉམ་དུ་ས་བུག་ཏུ་འཛུལ་པའི་འཐས་གཟུགས་ཁ་ཤས་ཐོགས་ནས་ས་ཞིང་དུ་བསོགས་པ་དང་། སྐྱེ་ལྡན་འདྲེས་སྦྱོར་དངོས་རྫས་ཀྱི་ཆ་རྡུལ་ཞིང་སའི་རྡུལ་ཕྲན་ངོས་སུ་འབྱར་བ་དང་། ས་ཞིང་གི་ཞུན་མའི་ནང་དུ་འཛུལ་པའི་རྫས་ཆ་འགའ་རེ་ཞུ་དཀའ་བའི་འདྲེས་སྦྱོར་དངོས་རྫས་སུ་གྱུར་ཏེ་ས་ཞིང་ཁྲོད་དུ་ལུས་པ་དང་། ས་ཞིང་དུ་འཚོ་བའི་སྐྱེ་དངོས་རྣམས་ཀྱིས་ཕན་ཐོགས་ཅན་གྱི་འཚོ་བཅུད་བསྡུས་ནས་རང་གི་ལུས་ཕུང་དུ་གསོག་པ་སོགས་ཡོད། ( མུ་འགོད།)
( 《ཁམས་པའི་འཛུམ་མདངས》འདོན་ཐེངས་བཞི་བརྒྱ་ཞེ་གསུམ་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)ས་ཞིང་གི་མཁའ་དབུགས་རྒྱུ་བའི་རྣམ་པ་ལ་ཕན་ཚུན་རྒྱུ་བ་དང་ཕྱིར་འཕྲོ་བའི་རྣམ་པ་གཉིས་ཡོད་པ་སྟེ། དང་པོ་ལ་མཁའ་དབུགས་ནི་རླུང་གནོན་མཐོ་ས་ནས་དམའ་སར་རྒྱུ་བ་ཡིན་པས་རླུང་ཁམས་ཆེན་མོའི་རླུང་གནོན་མཐོ་སྐབས་རླུང་ཁམས་ཆེན་མོའི་མཁའ་དབུགས་རྣམས་ས་ཞིང་གི་བུག་སྲུབས་སུ་འཛུལ་བ་དང་། རླུང་ཁམས་ཆེན་མོའི་རླུང་གནོན་དམའ་དུས་ས་ཞིང་གི་མཁའ་དབུགས་རྣམས་ཕྱིར་རླུང་ཁམས་ཆེན་མོར་འཕྱུར་བ་ཡིན། དེ་བཞིན་ས་ཡི་དྲོད་ཚད་མཐོན་པོར་གྱུར་སྐབས་ས་ཞིང་གི་མཁའ་དབུགས་སྦོས་ནས་རླུང་ཁམས་ཆེན་པོར་མཆེད་ཅིང་ལྡོག་ན་རླུང་ཁམས་ཆེན་མོ་ནས་བབས་ཏེ་ས་ཞིང་གི་བུག་སྲུབས་སུ་འཛུལ། དེ་ལྟར་དྲོ་འཁྱག་བརྗེ་རེས་ལ་བརྟེན་ནས་ས་ཞིང་གི་མཁའ་དབུགས་གསར་པར་རྗེ་བཞིན་ཡོད། གཉིས་པ་ཕྱིར་འཕྲོ་བ་ནི་ས་ཞིང་གི་མཁའ་དབུགས་གྲུབ་ཆ་རུ་དབྱང་གཉིས་ཐཱན་རྫས་རླུང་ཁམས་ཆེན་མོ་ལས་མང་ཞིང་དབྱང་དབུགས་འདུས་ཚད་རླུང་ཁམས་ཆེན་མོ་ལས་ཉུང་བས།