国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལམ་དུ་ཆས་ཁར།

ལམ་དུ་ཆས་ཁར།

ངས་རང་ཉིད་ཀྱང་བཙན་གྱིས་ཁུག་མའི་ནང་དུ་བཅུག།

རང་གི་ནང་སེམས་ཀྱང་ཨུ་ཚུགས་ཀྱིས་རྒྱང་རིང་དུ་བཏང་།

འོན་ཀྱང་། ལམ་ལ་ཆས་ཁར།

ད་དུང་སེམས་པའི་ཕྱེད་ཀ་དེ་ཡུལ་དུ་ལུས་འགྲོ།

ལམ་དུ་ཆས་ཁར།

ཨ་མས་ང་ལ་སྨོན་ལམ་གྱི་བྱབས་ཁྲུས་བྱས།

ངས་ཀྱང་སྨྲ་བ་མེད་པའི་བརྟུལ་ཞུགས་ཀྱིས།

ནང་སེམས་ཀྱི་ཟབ་ས་ནས་ཨ་མ་ལ་ཡང་དེ་དང་མཚུངས་

པའི་སྨོན་ལམ་བཏབ།

འོན་ཀྱང་། ངས་རང་གི་ཐ་སྙད་ཤེས་ཚད་སྤུངས་ཀྱང་།

ཨ་མས་ང་ལ་གནང་བའི་སྨོན་ལམ་ལས་ལྷག་པ་ཞིག་རྙེད་མ་སོང་།

ལམ་དུ་ཆས་ཁར།

ང་ཚོ་སུས་ཀྱང་ཕན་ཚུན་བློས་མ་ཐོངས་ཀྱང་།

གྱེས་གདུང་ཡོད་ཚད་སེམས་ཀྱིས་ཁུར་ཏེ།

མ་འོངས་ཕུགས་འདུན་འཚོལ་བར་ཆས།

ལམ་དུ་ཆས་ཁར།

ཕ་ཡུལ་དུ་ཁ་བ་སྲབ་སྲབ་ཅིག་བབས་འདུག།

ངས་ཕྱིར་མིག་ལྟ་ཞོར།

བསོད་ནམས་ཁ་བ་འབབ་འབབ་ཡིན་པའི་སྨོན་ལམ་བཏབ།

༼ ཆོས་སྒྲོན། ༽