国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ལ་སྨྲས་པ།

ང་རང་སྐྱེས་པ་ནས་བཟུང་ད་ལྟའི་བར།།

མི་ལོ་མང་ཙམ་བྱ་བ་ཏག་ཏག་ཤོར།།

དཔེར་ན་ཞོགས་པའི་སྐྱ་རེངས་ལ་འགོར་ཟད།།

ཆར་ཞོོད་ལྗང་སེར་སྤང་དང་འདྲེས་པས་འཐིམས།།

འདོ་བ་རྟ་ཕོའི་སྣ་གླུ་དྲངས་ཤིང་ཡོང་།།

ཁྱི་གུ་ཐག་མི་རིང་སར་ཁྲིད་པས་བོར།།

ཁ་བ་ཉིན་འབབ་མཚན་འབབ་ས་རུ་ཆགས།།

ཁང་སྟོང་ནང་དུ་ཉིན་གང་གཉིད་པས་ཡོལ།།

དེ་ལྟར་དུས་ཚོད་མང་པོ་ཆུད་ཟོས་མཐར།།

ང་རང་ལོ་ན་མཐོན་པོར་ལོན་འདུག་སྙམ།།

དེ་ལྟར་བསམ་གཞིག་བྱས་མཐར་དབུགས་རིང་བཏང་།།

ལས་དང་བྱ་བ་མང་པོས་དཀའ་ཡང་བྱུང་།།

ནམ་འཆི་ངེས་པ་མེད་ཀྱང་ད་དུང་འབད།།

སྐྱིད་ཚོད་ཐེག་པར་མི་བྱ་ཕུགས་བསམ་དྲན།།

དེ་ལྟར་གསོན་པའི་སྙིང་པོ་བྱེའུ་ཆུང་རང་།།

སྟོང་པའི་ནམ་མཁའི་དབྱིངས་སུ་ཡུན་རིང་འཕུར།།

སྡོང་པོའི་ལོ་མ་འཐོར་བའི་ཡལ་གའི་སྟེང་།།

དབུགས་ངལ་ཧལ་ཧལ་བྱས་ནས་འབབ་དགོས་བྱུང་། །

དེ་ལྟར་ཚེ་འདིའི་བྱ་བ་དོན་མེད་རྫོགས། །

སྙིང་པོ་དམ་ཆོས་དགའ་བ་རེས་ཙམ་བྱེད།།

དེ་ལྟར་ལང་ཚོའི་ཉི་མ་ལ་འགོར་སོང་།།

རྒས་པའི་སྡུག་བསྔལ་རྩོད་ཀྱང་དེ་འདྲ་རེད།།

སྐྱིད་པའི་ཁྱིམ་གཞི་དྲན་ན་ཕ་མ་ལགས།།

བྲལ་ཡོང་བསམ་པ་འཆར་བའི་བློ་ཁོག་མེད།།

དེ་ལྟར་འཇིག་རྟེན་མཛེས་པས་ཁྱབ་པའི་དུས།།

ང་རང་ལྷན་སྐྱེས་དགའ་བ་ཆེན་པོའི་ངང་། །

མི་རྟག་སྡུག་བསྔལ་དྲག་པོས་གཙེས་གྱུར་ན།།

མྱ་ངམ་འཆི་བའི་ལམ་ཡང་ཏག་ཏག་མཐོང་།།

དེ་ལྟར་འཇིག་རྟེན་རེས་སྐྱིད་རེས་མི་སྐྱིད།།

སོ་སོའི་ཕུང་པོ་ཡོལ་བའི་དུས་ཀྱང་ཐོན། །

༼ རི་སྤྱང་། ༽