国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲོག་སྡེ་དྲན་སྟངས།

ཐར་དཀར་གཤོག་ཟུང་བརྐྱངས་འདྲའི་མཛེས་སྡུག་གི་སྤང་ལྗོངས།།

སྐར་ཚོགས་ཐང་ལ་བཀྲམ་འདྲའི་ནོར་གནག་གི་ཐང་སྡེ།།

རྒྱ་སྟག་གནམ་ལ་མཆོངས་འདྲའི་བརྗིད་ཉམས་ཀྱི་ལྷུན་པོ།།

མུ་ཏིག་ཐང་མར་བརྡལ་བའི་གཡང་དཀར་གྱི་སྟོད་གཡོགས།།

རྒྱགས་པ་སྒམ་ལ་བཅུག་ནས་འགྲོ་འདོད་ཀྱི་རླུང་གིས།།

རྒྱང་རིང་ལམ་ཐག་སྐྱ་མོར་དུད་སྤྲིན་བཞིན་དེད་ནས།།

ཚ་གདུག་རྔུལ་ཆུའི་ཟེགས་མ་སྦྲང་ཆར་བཞིན་འཐོར་དུས།།

འཇམ་འཇམ་གངས་དཀར་ཨ་མའི་པང་ཁུག་དེ་དྲན་ནམ།།

འ་འུར་ཟང་ཟིང་ཆེ་བའི་རྒྱུས་མེད་ཀྱི་ཡུལ་ནས།།

འཐོབ་བྱ་རྡུལ་ཙམ་མེད་པའི་ལྷུ་ལག་དག་སྒྲིག་དུས།།

སྲབ་མེད་རྟ་ནག་ཅང་ཤེས་སྐྱ་རྩལ་གྱིས་གཅུན་པའི།།

ཡངས་པའི་ཐང་ནས་འགྲན་པའི་གོམ་འགྲོས་དེ་མཐོང་ངམ།།

དབེན་པའི་འབྲོག་སྡེ་མཛེས་སྡུག་སུམ་རྩེན་གྱི་རྣམ་པ།།

བྱེད་པོས་པིར་གྱིས་བྲིས་པའི་ཡིད་འཕྲོག་གི་མཛེས་ལྗོངས། །

མ་གྲོས་གཅིག་མཐུན་བྱུང་བའི་བསྟོད་བསྔགས་ཀྱིས་ཁྱབ་ཅིང་།།

ལྟད་མོ་མིག་དབང་འཕྲོག་པའི་མཐོ་སྒང་དེ་དྲན་ནམ།།

བཅོས་མིན་རང་ཚུགས་བརྟན་པའི་མཐོ་སྒང་གི་འབྲོག་མིས།།

ཤ་མར་ཟས་ཀྱི་ལོངས་སྤྱོད་རི་རབ་ལྟར་བརྩིགས་ཤིང་།།

སྒྱིད་འགོའི་འོ་ཕྱུར་དྲི་ངད་སྦྲ་འདབས་ནས་འཐུལ་དུས།།

འགྲམ་ཡས་མཆི་མས་མི་བརྣག་བཟོད་ཐབས་ཤིག་ཡོད་དམ།།

དར་དིར་དབྱངས་རྟ་འགུག་པའི་རྗི་བོ་དང་རྗི་མོས།།

རྟ་ནོར་ལུག་གསུམ་ཅི་འདོད་རྩྭ་ཐང་དུ་བཀྲམ་དུས།།

མཛའ་བརྩེ་དུང་བ་ཟབ་མོ་རྗི་གླུ་ལ་འགུག་དུས།།

ཕྱོགས་བཞིའི་རི་རྒྱལ་ལྷུན་པོས་བདུད་རྩི་ལྟར་བཞེས་སོ།།

ཤ་རུས་གསེང་ནས་ཕ་ས་སྨུག་པོ་ལ་དགྱེས་ན།།

གཞན་ཡུལ་འགྲིམས་པའི་ལྕགས་ཐག་མཁྲེགས་པོ་དེ་གཏོར་ནས།།

དགའ་སྐྱིད་མངར་གསུམ་འཛོམས་པའི་འབྲོག་སྡེ་ཡི་གནས་ནས།།

ཕུན་སུམ་ཚོགས་པའི་འབྲོག་ལས་རྣལ་མ་ལ་འབུངས་ཤིག །

༼ རིག་རྫི་བསམ་གཏན། ༽