མཛེས་སྡུག་སེམས་ཀྱི་ནགས་གསེབ་གནས་པ་ཡི།།
ཡིད་ཀྱི་འཇོལ་མོ་གསུང་སྙན་བྱིན་ཆགས་མ།།
ཡིད་འོང་གུ་ཡངས་ནགས་མའི་དགའ་ཚལ་ན།།
རྩལ་གྱི་གཤོག་ཟུང་བསྡེབས་ནས་གང་དགར་རོལ།།
གཡས་འཁྱིལ་སེམས་ཀྱི་དྭངས་གཙང་མཚོ་ཁ་རུ།།
དུང་སེམས་བརྩེ་ཞེན་ཆེ་བའི་ངང་ཆུང་ཁྱོད།།
བག་ཡངས་ཁྱོ་ཤུག་བརྩེ་བའི་ངང་རྒྱུད་ཁྲོད།།
མཐུན་པའི་ཨ་ལུང་སྒྲིལ་ནས་ཅི་དགར་རྩེན།།
མཐའ་མེད་སྣང་བའི་སྔོ་སངས་ཡངས་པོ་ན།།
བརྩེ་བའི་གཤོག་ཟུང་ཐོགས་པའི་ཁྱུང་ཆེན་ཁྱོད།།
རྔམ་བརྗིད་དབང་ཐང་ཆེན་པོའི་མཁའ་དབྱིངས་ན།།
རྩལ་དགུ་དབུ་འཕང་མཐོ་བའི་ངང་ནས་འཕུར།།
ཡིད་འོང་སེམས་ཀྱི་ནེའུ་གསིང་ར་བ་ན།།
བག་ཡངས་ངང་གིས་རྒྱུ་བས་ཡུ་མོ་ཁྱོད།།
ལུས་ཀྱི་དུང་ཐིག་མཛེས་པ་ངོམ་བཞིན་དུ།།
རྩྭ་ལྗང་མེ་ཏོག་ལོངས་སྤྱོད་གང་དགར་རོལ།།
༼ རྡོ་རྗེ་ཐར་ལམ། ༽