国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྒྲ་དབྱངས་ལྷ་མོར་བསྟོད་པ་དགྱེས་འཛུམ་དབྱངས་ཀྱི་དོ་ཧ།

བརྗོད་མེད་ཆོས་དབྱིངས་ནམ་མཁའ་ཡངས་པོ་རུ། །

གཉིས་སྣང་འཁྲུལ་པའི་སྨག་གིས་མ་བཟུང་ཞིང་། །

མ་ལུས་ཤེས་བྱའི་གནས་ཀྱི་ཆོས་སོ་ཅོག །

མཁྱེན་པའི་རང་རྩལ་རྫོགས་ཁྱོད་སྤྲོ་ཞིང་འདུད། །

སྲིད་དང་ཞི་བར་མི་གནས་ཡང་དག་སར། །

བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་མངོན། །

གཉུག་མའི་བདེ་བའི་ལང་ཚོ་རྩལ་རྫོགས་པ། །

ཕན་བདེའི་བང་མཛོད་དཔལ་མོ་ཁྱོད་ལ་འདུད། །

ཆགས་སྡང་ཚོན་རྩིའི་འཇའ་འོད་དྲ་བ་ནས། །

ཕལ་ཆེར་སྣང་བ་འདུས་བྱས་ཆོས་ཀྱིས་རྫོགས། །

འཕོ་མེད་བདེ་ཆེན་གཏེར་གྱུར་དབྱངས་ཅན་མ། །

ལན་གཅིག་དྲན་པའི་བསོད་ནམས་འཛད་པ་མེད། །

གཟུང་འཛིན་ཀུན་རྟོག་གཡོ་བའི་འདིར་སྣང་ནས། །

ནམ་ཞིག་དབུགས་ཀྱི་དབྱིན་རྔུབ་ཆད་པའི་རྗེས། །

དེ་ཚེ་རང་རིག་གདོད་མའི་དབྱངས་ཅན་མའི། །

དགྱེས་འཛུམ་ཟླ་བ་སླར་མཇལ་མི་ཤེས་པས། །

དད་འདུན་སྤྲིན་པ་ཕང་ཕུང་གཡོ་དུས་འདིར། །

བདག་ཡིད་པདྨའི་དགའ་ཚལ་ཕེབས་ནས་སུ། །

རྣམ་རྟོག་སྣང་བའི་དུད་ཀ་ཡོངས་བཅད་དེ། །

བདག་དང་ཁྱོད་ཉིད་འདུ་འབྲལ་མེད་ཐོབ་ཤོག །

༼ ཚོར་སྦྲང་། ༽