ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པའི་ཕྱི་རྒྱལ་གྱི་མགྲོན་པོར་ཐུག་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོར་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ70འཁོར་བའི་དྲན་གསོའི་བྱེད་སྒོའི་ནང་ཞུགས་པའི་ཕྱི་རྒྱལ་གྱི་མགྲོན་པོ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས་ཤིང་། རྒྱལ་སྤྱིའི་མཛའ་གྲོགས་མི་སྣས་ཀྲུང་གོའི་མཛའ་བརྩེའི་ལས་དོན་ལ་འབད་བརྩོན་བྱས་པར་ཚད་མཐོའི་བསྟོད་བསྔགས་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་མཛའ་གྲོགས་ནི་རྒྱལ་སྤྱིའི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་གཏོང་བའི་རྨང་གཞི་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རང་ཉིད་འཕེལ་རྒྱས་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་པའི་དེང་རབས་ཅན་གྱི་ལམ་དུ་བསྐྱོད་ཡོད། ཀྲུང་གོར་ཐོབ་པའི་ཕྱོགས་གང་ཅིའི་ཐད་ཀྱི་གྲུབ་འབྲས་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་འབོར་ཆེན་ཞིག་གིས་ཀྲུང་གོའི་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་དཀའ་སྤྱད་འབད་བརྩོན་གནང་བ་དང་། ཕྱི་རྒྱལ་གྱི་ཁེ་ལས་དང་སྒྲིག་གཞི། མི་སྒེར་བཅས་མང་པོ་ཞིག་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ནས་ཕྱོགས་སོ་སོའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་བར་མ་ཟད། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་གྲོགས་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། ཚང་མས་ཀྲུང་གོའི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་ཀྲུང་གོའི་མི་དམངས་དང་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་བྱས་པ་ང་ཚོས་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་ངེས་རྒྱུ་ཡིན།
( པར་ངོས་གཉིས་པར་གཟིགས།)