国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྨ་འབྲི་རྫ་གསུམ་བརྒྱུད་ནས་དབུས་ལྷ་ལྡན་དུ་སྐྱོད་པ།

ལོ་ཟླ་ཧྲལ་ཧྲུལ་གྱིས་ཟད་དེ་མི་ལོ་གསུམ་གྱི་རེ་སྒུག་དང་བསྡོངས་ནས་སྟོན་ཟླ་བ་དགུ་པ་བསླེབས་བྱུང་། འཁྱག་སིབ་སིབ་དང་གྲང་ཤུར་ཤུར་གྱི་རྨ་འབྲི་རྫ་གསུམ་བརྒྱུད་ནས་དབུས་ལྡན་དུ་སོང་བ་ཡིན། དེ་ནི་ང་ལ་མཚོན་ན་ཕོ་བྲང་པོ་ཏ་ལ་མཇལ་བའི་སྐལ་བ་བཟང་པོ་ཞིག་ཤར་བ་ཡིན། དེ་ནི་གློ་ཁུག་ཏུ་དངུལ་ལོ་འགའ་ལོན་ནི་དང་འདྲ་མོ་མི་འདུག། སྐྱོ་ངལ་རེ་རེ་སྣོན་གྱིན། ནག་ཟོར་ཟོར་གྱི་སེམས་སྡུག་ཅིག་དང་ལོ་ཟླ་གྱ་གྱུར་བགྲོད་པའི་ཐག་རིང་ན་གསེར་མདོག་གི་རི་སྒང་རེ་རེས་ཉི་ནུབ་ཀྱི་འཇམ་ཤ་བརྟོལ་དུས་རྒྱང་རིང་དུ་ང་ཚོ་ལ་ཁ་ཆེམས་ཅི་ཞིག་ཡོད། དེ་དག་གི་དཀའ་སྡུག་རེ་རེ་ཕྲག་ཏུ་བསྣམས་ནས་ཁྲུང་ཁྲུང་སྐེ་རིང་དག་དང་མཚུངས་པར་རི་སྒང་དག་བརྒྱུད་ནས་མཁའ་དབྱིངས་ཀྱི་བོད་ལྗོངས་སུ་བསྐྱོད།

དང་པོ་རྨ་རྫ་འབྲི་གསུམ་ནས་རྨ་ཆུ་ནས་འགོ་བརྩམས་ཏེ་ཡོང་བ་ཡིན། མགོ་ལོག་ཁུལ་རྨ་ཆེན་རྫོང་དུ་སླེབ་སྐབས་ང་ཡིས་ཡུན་རིང་སེམས་སུ་ཉར་བའི་ཨ་མྱེ་རྨ་ཆེན་སྦོམ་ར་མཇལ་བ་ཡིན། ཐག་ཉེ་རིང་གཉིས་ཀའི་རི་སྒང་དང་སྤང་ཐང་ཡོངས་ལ་སྨུག་པའི་སེང་རས་སྲབ་བུ་མུ་རུ་འཐེན་པའི་ཁྲོད་ན་ཆར་རྒྱུན་གྱི་འཕྱོ་སྒེག་ངོམ་བཞིན་འདུག། རི་འདབས་ཀྱི་འབྲོག་སྡེ་ཁག་གཅིག་དང་རི་རྒྱུད་ཀྱི་གངས་རི་ཁ་ཤས་མཐོང་སོང་། ཆར་རྒྱུན་གྱི་དབུས་ན་རི་སྒང་བརྟན་ཞིང་བརླིང་ལ་ས་གཞི་ལྷིང་ཞིང་འཇགས། མཐོ་སྒང་གི་དབྱར་དུས་ཧ་ཅང་ཐུང་ཞིང་གཉོམ་ན་ཡང་། མཛེས་པའི་ཡུལ་ལྗོངས་ཀྱིས་མི་སེམས་ལ་དྲོད་ཁོལ་འཁྱིལ་བའི་བརྩེ་བ་རྣམ་དག་ཅིག་སྦྲུམ་ནས་ཡོད། ཡུན་གྱིས་མགོ་ལོག་རྨ་སྟོད་དུ་སྐྱོད་འགོ་བརྩམ། ས་དེ་ན་སྟོང་རུ་མཚོ་ནག་དང་མཚོ་སྐྱ་རེངས་སྔོ་རེངས་དག་ཡོད་པ་སྔོན་གོ་ཐོས་སུ་ཡོད། དེ་མིན་མཇལ་མྱོང་མེད། སྙིང་ཉེ་བའི་ས་སྲོད་ཅིག་གིས་པང་ནས་ང་ཚོས་སྟོང་རུ་མཚོ་ནག་བརྒྱུད་ནས་རྨ་སྟོད་རྫོང་དུ་བསླེབས། རི་སྒང་དེ་དག་བརྒྱུད་ནས་སྟོད་ཕྱོགས་སུ་འགྲོ་བ་ནི་ང་བྲེལ་ཟིང་གི་བར་ནས་རང་བྱུང་ཁམས་ཀྱི་པང་དུ་ལོག་སྟངས་ཤིག་ཡིན། སྙིང་ཉེ་བའི་ས་གཞི་དང་རོལ་དབྱངས་ཀྱི་བརྩེ་ཞེན་ལ་སེམས་པ་ཐེངས་གཅིག་གླན་པ་ནི་བསོད་ནམས་ཤིག་དང་ལས་འབྲས་ཤིག་ཡིན་པར་བསམས་ཡོད། གཉན་ཆེན་ཐང་ལྷ་དང་ཡངས་པ་ཅན་རྒྱུད་སྐབས་ངས་བར་སྐོར་དང་ཕོ་བྲང་པོ་ཏ་ལ། ནོར་རུ་གླིང་ཀ་སོགས་སེམས་ཀྱི་བཞེངས་སྐྲུན་བྱས་ཏེ། མགྱོགས་པར་སླེབ་འདོད་ཀྱི་སེམས་པ་འགོག་ཐབས་མ་མཆིས།