( 《ཁམས་པའི་འཛུམ་མདངས》འདོན་ཐེངས་བཞི་བརྒྱ་ཞེ་བཞི་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)ས་ཞིང་གིས་ལོ་ཏོག་ལ་འཚོ་བཅུད་མཁོ་འདོན་བྱེད་མང་ཉུང་དང་རྒྱུན་རིང་ཐུང་ལ་ས་ཞིང་གི་ལུད་བཅུད་མཁོ་འདོན་བྱེད་པའི་རང་བཞིན་ཟེར། ས་ཞིང་ཁྲོད་ཀྱི་འཚོ་བཅུད་རྣམས་ནི་འཐས་གཟུགས་ཀྱི་རྣམ་པ་དང་། འབྱར་བའི་རྣམ་པ། ཞུ་བའི་རྣམ་པ་གསུམ་པོ་ཕན་ཚུན་དོ་སྙོམས་པའི་མ་ལག་ཅིག་ཏུ་གྲུབ་ནས་གནས་ཡོད་ཅིང་རྣམ་པ་དེ་གསུམ་ཀས་ས་ཞིང་གིས་ལུད་བཅུད་མཁོ་འདོན་བྱེད་པ་ལ་ཤུགས་རྐྱེན་བཏོན་པ་ཡིན། ཁྱད་པར་དུ་འབྱར་བ་དང་ཞུ་བའི་རྣམ་པས་ཐད་ཀར་ཤུགས་རྐྱེན་འདོན་པ་སྟེ། མྱུར་དུ་མཁོ་འདོན་བྱེད་ཆེ་ཆུང་ནི་ཞུན་མའི་ཁྲོད་ཀྱི་འཚོ་བཅུད་གཞི་རྒྱུ་མང་ཉུང་ལ་ཐུག་ཅིང་། མཁོ་འདོན་ཆེ་ཆུང་ངེས་ཅན་ཞིག་རྒྱུན་མཐུད་རིང་ཐུང་ནི་འབྱར་བའི་རྣམ་པ་མང་ཉུང་ལ་ཐུག་ཡོད། ས་ཞིང་གི་ལུད་ཤེད་དང་ལུད་ཤེད་ཀྱི་རྒྱུ་རྐྱེན་བར་གྱི་འབྲེལ་བའི་ཐད་ནས་བལྟས་ན། རྩི་ཤིང་ལོ་ཏོག་ནི་ཆ་ཤས་ངེས་ཅན་ཞིག་ས་འོག་དང་ཆ་ཤས་ངེས་ཅན་ཞིག་ས་སྟེང་མཁའ་རླུང་ཁྲོད་དུ་གནས་ཡོད་ཅིང་། རྒྱུན་ལྡན་དུ་སྐྱེ་སྨིན་བྱེད་པ་ལ་འོད་དང་། དྲོད། མཁའ་དབུགས། ཆུ། འཚོ་བཅུད་བཅས་རྩ་བའི་རྒྱུ་རྐྱེན་ལྔ་ལ་བརྟེན་དགོས་པ་ཞིག་རེད།
དེ་ལས་འཚོ་བཅུད་དང་ཆུ་གཉིས་ནི་ཚང་མ་ས་ཞིང་གིས་མཁོ་འདོན་བྱེད་བཞིན་ཡོད་ལ་དྲོད་དང་མཁའ་དབུགས་རྣམས་ཆ་ཤས་ཤིག་མཁའ་རླུང་གིས་བཏོན་ཞིང་ཆ་ཤས་ཞིག་ས་ཞིང་གིས་བཏོན་པ་ཡིན། རྒྱུ་རྐྱེན་དེ་དག་གིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱས་ནས་ཐུན་མོང་ངང་ལོ་ཏོག་ལ་ནུས་པ་འདོན་བཞིན་ཡོད་པས་གལ་འདྲ་འདྲ་ཆེ་ལ་སུ་ཡང་མེད་དུ་མི་རུང་། ཡིན་ནའང་སོ་སོ་ལ་ཐུན་མོང་མ་ཡིན་པའི་ནུས་པ་ཡོད་པས་སུས་ཀྱང་སུ་ཡི་ཚབ་བྱེད་མི་ཐུབ་ལ་གང་ཞིག་མ་འདང་ན་ཡང་ལོ་ཏོག་ལ་གནོད་པ་འབྱུང་བ་ཡིན། ཞིང་ས་གཤིན་པོའི་འཚོ་བཅུད་ལ་ག་ལེར་ཕན་ཐོགས་པའི་འཚོ་བཅུད་དང་། མྱུར་དུ་ཕན་ཐོགས་པའི་འཚོ་བཅུད། ཚད་མང་པོ་དགོས་པའི་འཚོ་བཅུད། འབྲིང་ཙམ་དགོས་པའི་འཚོ་བཅུད། ཉུང་ངུ་མ་གཏོགས་མི་དགོས་པའི་འཚོ་བཅུད་རྣམས་མང་ཉུང་རན་ཞིང་ཕན་ཚུན་དོ་སྙོམས་ཡིན་དགོས། འཚོ་བཅུད་དོ་སྙོམས་པའི་ས་ཞིང་གཤིན་པོ་ན་རྨོ་བའི་རིམ་པ་ལ་འཚོ་བཅུད་ཕུན་སུམ་ཚོགས་ཤིང་སྐྱེ་ལྡན་རྫས་བཅུད་འབེལ་ལ་དགོས་ངེས་ཀྱི་འཚོ་བཅུད་དང་མྱུར་དུ་ཕན་ཐོགས་པའི་འཚོ་བཅུད་རྣམས་མང་བ་དང་། ས་གདིང་ཟབ་ས་ལའང་འཚོ་བཅུད་ཅུང་མང་ཞིང་དེས་ཕན་ཡུན་རིང་པོར་ཐོགས་པ་བཅས་དགོས། འབྲས་བུ་བཟང་པོ་སྨིན་པའི་སྐམ་ཞིང་གི་སའི་གྲུབ་ཚུལ་ལ་རིམ་པ་གོང་མ་སོབ་ཅིང་འོག་མ་སྲ་བ་སྟེ། རྨོ་བའི་རིམ་པ་མཐུག་པ་དང་སྙི་ཞིང་སོབ་ལ་སའི་རྒྱུ་སྤུས་ཡང་བ་དང་། དེའི་འོག་གི་རིམ་པ་སྲ་ཞིང་སའི་རྒྱུ་སྤུས་ལྗིད་བར་ཡོད་དགོས་ཤིང་། དེས་རླུང་རྒྱུ་བ་དང་། ཆུ་ཐིམ་པ། དྲོད་འཕེལ་བ། ཆུ་ལུད་འཛིན་པ་སོགས་ཕན་ཐོགས་འབྱུང་བཞིན་ཡོད། ས་ཞིང་ལུད་ཤེད་དོ་སྙོམས་པར་བྱེད་ཐབས་ལ། གཅིག་ལ་སྐྱེ་ལྡན་ལུད་བཀྲམ་ཚད་ཇེ་མང་དུ་གཏང་བ་སྟེ། དེས་ས་ཞིང་གི་ཆུ་རླུང་བུ་ག་སོགས་དངོས་ལུགས་ཀྱི་རང་བཞིན་དང་། ཕན་པའི་གཏེར་རྒྱུ་འཕེལ་བ་དང་སྦགས་བཙོག་གི་དངོས་རྫས་སེལ་བ་སོགས་རྫས་འགྱུར་གྱི་རང་བཞིན། སྐྱེ་དངོས་ཀྱི་རིགས་ལ་བཅུད་མཁོ་འདོན་བྱེད་པ་སོགས་སྐྱེ་དངོས་ཀྱི་རང་བཞིན་རྣམས་ཇེ་ལེགས་སུ་གཏོང་ཐུབ། གཉིས་ལ་ལོ་ཏོག་རིགས་མི་འདྲ་བ་བརྗེ་རེས་བྱས་ནས་འདེབས་པ་སྟེ། དེས་ས་ཞིང་གི་འཚོ་བཅུད་དང་རླན་གཤེར་རྣམས་སྙོམས་སྒྲིག་བྱེད་ཐུབ་པ་དང་ས་ཞིང་གི་དངོས་ལུགས་རང་བཞིན་ཇེ་ལེགས་སུ་གཏང་ཐུབ། དེ་ལ་ལོ་ཏོག་དང་སྔོ་ལུད་བརྗེ་རེས་བྱེད་ཆོག་ལ། སྲན་མའི་རིགས་བཏབ་ན་ཞིང་གི་འཚོ་བཅུད་འཕེལ་བ་ལ་ཕན་ཐོགས་ཆེ་བས་སྲན་རིགས་དང་ལོ་ཏོག་གཞན་པ་བརྗེ་རེས་བྱས་ནས་གདབ་ཆོག། ལོ་ཏོག་སྲན་མའི་རིགས་བཏབ་ན་སྤྱི་ཆིང་རེ་ལ་འཐས་གཟུགས་སུ་གྱུར་པའི་གཏེར་རྒྱུ་ཏན་སྟོང་ཁེ་དྲུག་ཅུ་རེ་བདུན་ནས་བདུན་ཅུ་དོན་ལྔའི་ཡན་མན་འབྱུང་ཞིང་དེ་ལས་སྟོང་ཁེ་བདུན་དང་ཕྱེད་ནས་བཅོ་ལྔ་ཡན་མན་ས་ཞིང་དུ་ཕྱིར་ལུས་བཞིན་ཡོད། གསུམ་ལ་རྨོ་སྟངས་སྣ་ཚོགས་སྤྱོད་པ་སྟེ། ཞིང་རྨོ་བའི་རྩ་བའི་དགོས་པ་ནི་རྨོ་རིམ་གྱི་ས་སྲ་མཁྲེགས་ཅན་རྣམས་སོབ་སོབ་བྱེད་པ་དང་། བུག་སྲུབས་སྤྱི་དང་ཁྱད་པར་དུ་ཕན་ཐོགས་པའི་བུག་སྲུབས་ཇེ་མང་བཏང་བ། རྨོ་བའི་རིམ་པའི་སའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ཆུ་དང་རླུང་གི་རྒྱུ་ལམ་ཇེ་མང་གཏང་བ་སོགས་ཀྱི་ཆེད་དུ་ཡིན་པས་རྨོ་སྐབས་ས་གདིང་ཟབ་མོ་ནས་རྨོ་བ་དང་སའི་ཁ་པགས་ནས་རྨོ་བ་སོགས་བསྲེས་ནས་སྤྱོད་ཆོག་ལ། ཟབ་མོར་རྨོས་པས་སའི་རྨོ་རིམ་ཇེ་ཟབ་ཏུ་གཏང་བ་དང་ས་ཞིང་གི་གྲུབ་ཚུལ་དང་རྨོས་གཤིས་ཇེ་ལེགས་སུ་གཏང་བ་ལ་ཕན་ཐོགས་ཆེན་པོ་འབྱུང་བ་ཡིན། གཞན་ཡང་ཞིང་ལས་དང་འབྲོག་ལས། ཆུ་ལས། ནགས་ལས་རྣམས་ཟུང་དུ་འབྲེལ་ནས་ས་ཞིང་ལ་བསླད་སྐྱོན་མི་འགྲོ་བ་སོགས་བྱེད་ཆོག་པ་ཡིན་ནོ།།
བཅུ་པ་ས་ཞིང་ལ་ད་དུང་རྨོ་བདེ་མིན་དང་རྨོས་སྤུས་བཟང་ངན། རྨོ་མཐིལ་འཕྲད་མིན་བཅས་ལ་བལྟས་པའི་རྨོན་ལས་ཀྱི་ཁྱད་ཆོས་ཀྱང་ཡོད་ཅིང་། དེའི་སྐོར་འོག་ཏུ་ཞིང་རྨོད་སྟངས་ཀྱི་ཚན་པར་ཞིབ་ཏུ་བརྗོད་འགྱུར་པས་འདིར་མ་སྤྲས་སོ།།
མདོར་ན་ས་ཞིང་གི་ལོ་ཐོག་ཐོན་སྐྱེད་བྱེད་པའི་ནུས་པ་ལ་ཞིང་ས་རང་ཉིད་ཀྱི་རང་བྱུང་ནུས་པ་དང་མིས་བཟོས་ཀྱི་རྐྱེན་ལ་བརྟེན་ནས་བྱུང་བའི་ནུས་པ་གཉིས་ཡོད་ཅིང་། དེ་ལས་རང་བྱུང་ནུས་པ་ནི་ས་ཞིང་གི་རྒྱུ་སྤུས་དང་། གནམ་གཤིས། སྐྱེ་དངོས། ས་ཆའི་ཆགས་ཚུལ་སོགས་རང་བྱུང་གི་རྒྱུ་རྐྱེན་ལ་བརྟེན་ནས་གྲུབ་པ་སྟེ། སའི་རྫས་འགྱུར་དང་དངོས་ལུགས་དང་སྐྱེ་ཁམས་བཅས་ཀྱི་ཁྱད་ཆོས་རྣམས་ཐུན་མོང་དུ་མངོན་དུ་འགྱུར་བ་ཞིག་དང་། མིས་བཟོས་ཀྱི་རྐྱེན་ལ་བརྟེན་ནས་བྱུང་བའི་ནུས་པ་ནི། མི་ཡིས་ཐོན་སྐྱེད་བྱེད་པའི་གོ་རིམ་དུ་དཔེར་ན་ཞིང་རྨོ་བ་དང་། ལུད་འདེབས་པ། ཆུ་དཀྱེ་པ་ལྟ་བུ་སོགས་མི་ཡིས་སོ་ནམ་བྱེད་པའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་པ་ཡིན། ཞིང་ལས་ཐོན་རྫས་ལ་ནུས་པ་དེ་གཉིས་ཕན་ཚུན་ཟུང་དུ་འབྲེལ་ནས་བྱེད་ནུས་ཐོན་པ་ཡིན་གྱི། མིས་བཟོས་ཀྱི་རྐྱེན་ལ་བརྟེན་པའི་ནུས་པ་མེད་ན་རང་བྱུང་གི་ནུས་པ་ཙམ་ལྡན་པས་ལོ་ཏོག་ལེགས་པོར་སྐྱེས་རབས་མེད། ས་ཞིང་བཟང་ངན་ནི་གཙོ་བོ་ཞིང་སའི་ཁྲོད་དུ་གཏེར་རྫས་དང་སྐྱེ་ལྡན་གྱི་དངོས་པོ་འདུས་མང་ཉུང་དང་དེའི་གྲུབ་ཚུལ་སོགས་ལ་ལྟོས་པའི་ས་བཅུད་དང་། སའི་རྒྱུ་སྤུས་དང་། ས་རྡུལ་གྲུབ་སྟངས། ས་བུག་ཆེ་ཆུང་། རླན་བཞའ། དྲོད་གྲང་གི་གནས་ཚུལ་སོགས་ལ་ལྟོས་པའི་དངོས་ལུགས་ཀྱི་རྒྱུ་རྐྱེན། སར་སྐྱུར་བུལ་ལྟ་བུ་སོགས་ལོ་ཏོག་ལ་ཕན་གནོད་འགྱུར་བའི་རྡུལ་རྫས་འདུས་ཡོད་མེད་དང་དེའི་མང་ཉུང་འགྱུར་ལྡོག་སོགས་རྫས་འགྱུར་གྱི་རྒྱུ་རྐྱེན། ས་ཞིང་དུ་འབུ་སྲིན་ཡོད་མེད་དང་དེའི་འཕེལ་འགྲིབ་འགྲོ་སྟངས་ཀྱི་དངོས་ཁམས་ཀྱི་རྒྱུ་རྐྱེན་སོགས་དང་འབྲེལ་བ་ཡོད། ས་ཞིང་གི་བཅུད་དུ་འདུས་པའི་གཏེར་རྫས་གཞི་རྒྱུའི་རིགས་ལ་མང་པོ་ཡོད་པར་མ་ཟད། གཞི་རྒྱུ་རིགས་གཅིག་པ་རེ་རེ་ལའང་ནང་གསེས་མི་འདྲ་དུ་མ་ཕྱེ་ཞིང་ས་ཆ་མི་འདྲ་བ་ན། གཞི་རྒྱུ་དེ་དག་གང་འདུས་ཡོད་མེད་དང་གང་འདུས་མང་ཉུང་སོགས་མི་འདྲ་ལ། དེས་ལོ་ཏོག་མི་འདྲ་བ་ལ་བཏོན་པའི་ཕན་གནོད་ཀྱང་ཐ་དད་པ་ཡིན། དེ་དག་ནི་ལོ་ཏོག་མི་འདྲ་བ་ལ་དགོས་མཁོ་མི་འདྲ་ཞིང་། ལོ་ཏོག་རིགས་གཅིག་ལའང་མེད་ན་མི་རུང་ཞིང་མང་ན་མི་འོས་ལ་རན་ན་ད་གཟོད་ལོ་ལེགས་པའི་རྒྱུ་རྐྱེན་རྟེན་འབྲེལ་དུ་འགྲོ་བ་ཤ་སྟག་ཡིན། ས་ཞིང་ལ་གཤིན་སའི་རིམ་པ་སྲབ་པ་དང་། སྐྱེ་ལྡན་གྱི་རྫས་ཆ་དང་གཏེར་རྫས་ཀྱི་ཆ་ཉུང་དྲགས་པ། ས་ཚི་དང་བྱེ་མ་མང་དྲགས་པ། སའི་གྲུབ་ཚུལ་མི་ལེགས་པ། ཐན་ཞོད་ཀྱིས་གནོད་སླ་བ། ཚྭ་དང་བུལ་མང་བ་སོགས་རང་བྱུང་གི་གནས་ཚུལ་དེ་དག་ལོ་ལེགས་མི་ཡོང་བའི་རྐྱེན་དུ་འགྲོ་བར་མ་ཟད། ཤིང་ནགས་བཅད་དྲགས་པས་ས་ཆུ་བརླགས་པ་དང་བྱེ་སར་གྱུར་བ། ས་ཞིང་ལོངས་སུ་སྤྱད་རྐྱང་ལས་ས་བཅུད་གསོ་སྐྱོང་མི་བྱེད་པ། སྐྱེ་ལྡན་གྱི་ལུད་ཉུང་ཞིང་རྫས་འགྱུར་ཀྱི་ལུད་སྤྱད་མང་བ་སོགས་མིའི་བྱེད་སྟངས་ཀྱིས་ཀྱང་ས་ཞིང་ལ་སྐྱེ་ལྡན་གྱི་རྫས་ཆ་ཇེ་ཉུང་དུ་འགྱུར་བ། ས་གཤིས་སྲ་མཁྲེགས་སུ་འགྱུར་པ། ས་ཞིང་གི་ནུས་པ་རིམ་བཞིན་ཇེ་སྡུག་འགྲོ་བ་སོགས་ཀྱི་གནོད་པ་བསྐྱེད་ལ། ལྷག་པར་དུ་བཟོ་ལས་ཀྱི་རླངས་སྙིགས་ཆུ་རྙིགས་གད་སྙིགས་དང་། ཞིང་ལས་ཀྱི་སྨན་རྫས། རྫས་འགྱུར་གྱི་ལུད་རྫས་སོགས་བཟོ་ལས་ཐོན་རྫས་རྣམས་ཞིང་སར་སིམས་ན་ས་ཞིང་སྦགས་བཙོག་བྱེད་པས་མི་ཚད། ལོ་ཏོག་དང་ལོ་ཏོག་ཟ་མཁན་གྱི་སེམས་ཅན་ལ་གནོད་པ་འབྱུང་བ་ཡིན།
ནས་གདབ་སའི་ཞིང་ས་ལ། ནས་གཞི་རྒྱ་ཆེན་པོས་ལོ་ལེགས་ཡོང་བའི་སོ་ནམ་ལག་རྩལ་ཞེས་པར། ས་རྒྱུར་ལུད་ཤེད་འབྲིང་ཙམ་དང་རླན་ངར་སྲུང་ནུས་པ། ཆུ་འདྲེན་པའི་ཆ་རྐྱེན་ཡག་པོ་ཡོད་པ། ལོ་ཏོག་སྔ་མ་སྲན་མའི་རིགས་དང་། པད་ཁ། ཞོག་ཁོག། སྔོ་ལུད། ནས་སོགས་ཀྱི་བཏབ་ཤུལ་ཡིན་པ། ས་རྒྱུ་སོབ་སོབ་དང་བུལ་སྐྱུར་མང་ཉུང་ཚད(phབྲིན)བདུན་ཡས་མས་ཀྱི་བུལ་སྐྱུར་ཆ་མཉམ་པའི་བར་མའི་རང་བཞིན་ཅན་གདམ་དགོས། ནས་ཀྱི་བ་ཐག་ནི་གཙོ་བོ་ཞིང་སའི་རྨོད་པའི་རིམ་པར་ལི་སྨི་ཉི་ཤུ་ནས་ཉེ་ལྔའི་བར་ན་གནས་ཡོད་ཅིང་རྩད་པ་མ་ལག་ཁྱབ་ཆུང་ཞིང་གཏིང་ཐུང་ལ་སྐྱེ་སྟོབས་ཅུང་ཙམ་ཞན་པ་དང་། ཆུ་ལུད་བསྡུ་ལེན་བྱེད་པའི་ནུས་པ་གྲོ་ལས་ཞན་པ་ཡིན། དེ་བས་ནས་ལེགས་པོ་སྐྱེས་པ་ལ་སོ་ནམ་ཞིབ་ཚགས་བྱས་ཏེ་ཞིང་ས་རྨོད་རིམ་གཏིང་ཟབ་པོ་དང་རྣམ་པ་སོབ་སོབ་ཅན་དུ་བསྒྱུར་དགོས། དེ་ལ་ལོ་ཏོག་སྔ་མ་ལེན་རྗེས་འཕྲུལ་ཆས་ཀྱིས་དུས་ཐོག་ཏུ་གཏིང་ཟབ་པོར་རྨོ་དགོས། དེས་སྟོན་གྱི་ཆར་ཆུ་བསོགས་ནས་སྟོན་དུས་ཞིང་སའི་རླན་བཞའ་འཕར། དེ་དགུན་ལ་འཁེངས་དཔྱིད་དུ་ཞུ་པས་ཞིང་སའི་ས་རྡུལ་ཆགས་ཚུལ་ཇེ་ལེགས་སུ་འགྱུར། དེ་རྗེས་ལོ་ཕྱི་མའི་དཔྱིད་འདེབས་བྱེད་པའི་སྔོན་ལ་དང་པོར་གཏིང་རྨོས་དང་དེ་རྗེས་ཁ་རྨོས་བྱེད་པ་ལྟར་ཁ་རྨོས་གཏིང་རྨོས་ཟུང་དུ་འབྲེལ་ཏེ་ཐེངས་མ་མང་པོ་རྨོས་ཤིང་དུས་ཐོག་ཏུ་ཤལ་བ་བཤལ་བ་དང་པོ་ཐོ་བརྡུངས་ཏེ་ཞིང་ས་ཁོད་སྙོམས་པ་དང་སྟེང་གསོབ་འོག་སྲ་བར་བྱེད་དགོས་ཞེས་བརྗོད་ཡོད། དེ་ལས་དཔྱིད་རྨོས་སྐབས་སུ་ཁ་རྨོས་གཏིང་རྨོས་ཟུང་དུ་འབྲེལ་ཏེ་ཐེངས་མ་དུ་མ་རྨོད་པར་གོ་དགོས་པ་ལྟར་སྣང་ཡང་རང་ཡུལ་དུ་སྲོལ་མེད་པས་སྟོན་རྨོས་དཔྱིད་རྨོས་གཉིས་གཏིང་རིང་ཐུང་སྤེལ་མ་བྱེད་དགོས་འདུག་སྙམ།
དེར་བརྟེན་ས་ཞིང་སྤྱི་དང་བྱེ་བྲག་གི་གནས་ཚུལ་དང་ཁྱད་ཆོས། ལོ་ཏོག་སྤྱི་དང་རིགས་མི་འདྲ་བ་སོ་སོའི་རང་བཞིན་དང་དགོས་མཁོ། ལུད་དང་ལུད་རྫས་སྣ་ཚོགས་ཀྱི་གྲུབ་ཆ་དང་བྱེད་ནུས། ཞིང་ལས་སོ་ནམ་རིམ་པ་སོ་སོའི་བྱེད་སྟངས་དང་དགོས་པ་སོགས་ཀྱི་ཤེས་རིག་ཁོང་དུ་ཆུད་ཅིང་ཉམས་མྱོང་ལག་ལ་བྱང་བ་ནི་དེང་གི་ཞིང་པ་ཚད་ལྡན་ཞིག་ལ་ངེས་པར་དུ་འཛོམ་དགོས་པའི་རྩ་བའི་ཆ་རྐྱེན་ཞིག་ཡིན་ཞིང་། ཕ་མེས་ལ་ལད་མོ་བྱེད་པའི་ཉམས་མྱོང་ཙམ་ལས་ཤེས་ཡོན་མི་དགོས་པར་སྣང་བའི་བསམ་ཚུལ་ནི་ཞིང་ལས་འཕེལ་རྒྱས་དང་ཞིང་པ་ཕྱུག་པའི་བཀག་རྒྱར་འགྲོ་བའི་ནོར་འཁྲུལ་ཆེན་པོ་ཞིག་གོ། །།( རྫོགས་སོ།།)