国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་ཚོགས་འདུའི་ཐོག་མཛུབ་སྟོན་གལ་ཆེན་གནང་ནས་ནན་གསུང་གནང་དོན།

དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དམག་དོན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་རིགས་པའི་གཞུང་ལུགས་ཀྱི་མ་ལག་གཏོད་དགོས།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10ཚེས15ཉིན་གློག་འཕྲིན་འབྱོར་གསལ། དམག་ཡོངས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་ཚོགས་འདུ་སྤྱི་ཟླ10ཚེས14དང་ཚེས15ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་དམག་དོན་རིགས་པའི་གཞུང་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་བྱུང་བཞིན་ཡོད་པ་དང་། དམག་དོན་གསར་བརྗེ་གསར་པ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ། རང་རྒྱལ་གྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་དགོས་མཁོར་འགྱུར་ལྡོག་གཏིང་ཟབ་འགྲོ་བ། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་རྒྱུ་དེ་བས་ཁ་ཚ་དགོས་གཏུགས་སུ་གྱུར་པ་བཅས་དབང་གིས་ངེས་པར་དུ་དམག་དོན་རིགས་པའི་གཞུང་ལུགས་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་དགོས། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་མི་དམངས་དམག་དཔུང་འཛུགས་སྐྱོང་གི་ལག་ལེན་ཟུང་འབྲེལ་མཐའ་འཁྱོངས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་གྱི་དམག་དོན་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན། གཡུལ་སར་ཁ་ཕྱོགས་པ་དང་། དཔུང་སྡེར་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་མཐའ་འཁྱོངས། ཚན་རྩལ་གྱི་འགྱུར་ལྡོག་དང་། དམག་འཁྲུག་གི་འགྱུར་ལྡོག། འགྲན་ཡའི་འགྱུར་ལྡོག་བཅས་ལ་དམ་པོར་དམིགས་པ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་གི་འཐབ་འཛུགས་དམག་གྲབས་བཅས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པ།དམག་དོན་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་རྩེ་རིམ་ཇུས་འགོད་ལེགས་སུ་གཏོང་བ། དམག་དོན་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་བྱེད་ཐབས་ལེགས་སུ་གཏོང་བ། དམག་དོན་རིགས་པའི་གཞུང་ལུགས་གཞན་སྒྱུར་བེད་སྤྱོད་ལ་ཤུགས་རྒྱག་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་རིགས་པའི་གཞུང་ལུགས་ཀྱི་མ་ལག་བསྐྲུན་པ་བཅས་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་མགྱོགས་མྱུར་འཛུགས་ཆེད་ཚན་རིག་དང་མཐུན་པའི་སྒོ་ནས་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

( པར་ངོས་གཉིས་པར་གཟིགས།)