国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་གིས་སྐྱེ་ཁམས་འཛུགས་སྐྱོང་གི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་ཤུགས་ཡོད་རྒུས་སྔོ་ལྗང་གི་མཛེས་སྡུག་རི་མོ་བྲིས།

ཡུལ་མིས་ཕྱུགས་རྩྭ་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོང་བྱ་རྒྱུར་དམིགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གྲོན་ཆུང་དང་ལེགས་བསྡུས་བྱེད་པ། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་བསྟན་ཡོད། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཤུགས་ཆེན་བསྟར་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། ཉེ་ཆར། 2024ལོའི་དཀར་མཛེས་ཁུལ་གངས་དཀར་མཉམ་འདྲེས་འཕྲིན་སྦྱོར་ཏེ་ཁུལ་རྫོང་མནའ་འབྲེལ་གྱི་བརྗོད་དོན་བཅར་འདྲི་ཚོགས་པ་སེར་ཤུལ་རྫོང་དུ་བསྐྱོད་དེ་དཀར་མཛེས་ཁུལ་གྱི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་བྱ་ཐབས་ཏན་ཏིག་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་མྱུང་ཚོར་བྱས་པ་རེད།

ཚན་རྩལ་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ།

སེར་ཤུལ་རྫོང་ནི་རྨ་ཆུ་སི་ཁྲོན་དུ་བབས་རྗེས་ཀྱི་རྫོང་དང་པོ་དེ་ཡིན་ལ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་དང་ཁ་གསབ་ཁུལ། རྒྱལ་ཁབ་ཀྱི་འདམ་རའི་སྐྱེ་ཁམས་ནུས་པའི་ཁུལ་གལ་ཆེན་བཅས་ཀྱང་ཡིན། ཆ་སྙོམས་མཚོ་འཕགས་སྨི4500ལྷག་ཡོད་པའི་སེར་ཤུལ་རྫོང་ལ་མཚོན་ན་ཇི་ལྟར་བྱས་ཏེ་ཕན་འབྲས་མཐོ་ལ་མྱུར་བའི་སྒོ་ནས་རྩྭ་འདེབས་རྩྭ་གསོ་བྱ་རྒྱུ་ནི་སེར་ཤུལ་སྐྱེ་ཁམས་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད།

སེར་ཤུལ་ས་ཆ་རུ་མཚོ་འཕགས་མཐོ་བ་དང་གནམ་གཤིས་ཧ་ཅང་ཞན་པའི་དབང་གིས་རྩྭ་སོན་དཀྱུས་མ་མང་པོ་ཞིག་རྩྭ་ཐང་ཉམས་གསོ་བྱས་ནས་བཏབ་རྗེས་སྐྱེས་མི་ཐུབ་པའི་དཀའ་གནད་འཕྲད་པས། དཀའ་གནད་དེ་སེལ་ཆེད་སེར་ཤུལ་རྫོང་གིས་ཚན་རྩལ་འདེགས་སྐྱོར་གྱི་ཐབས་ལ་བརྟེན་ནས་རྩྭ་སོན་གྱི་སོན་བཟང་རྒྱུན་ཆད་མེད་པར་གསོ་སྤེལ་བྱེད་ཀྱི་ཡོད།

ཁྲོ་ཤུལ་འགབ་མ་ཡུལ་ཤོག་ཏུ་སྐྱོད་སྐབས། སེར་ཤུལ་རྫོང་རྩྭ་ཐང་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ཚན་རྩལ་ཚོད་ལྟའི་རྟེན་གཞིའི་ནང་ཚོད་ལྟའི་མ་དཔེ་གྲལ་འགྲིག་པོར་བསྒྲིགས་ཡོད་པ་དང་། རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆོས་འཕེལ་ཚེ་རིང་དང་རྩྭ་ཐང་ས་ཚུགས་ཀྱི་ལས་དོན་མི་སྣ་ཚོས་ཚོད་ལྟའི་རྩྭ་སྐྱེས་ཚུལ་ལ་ཞིབ་ཚགས་ཀྱིས་ལྟ་ཞིབ་བྱེད་ཀྱི་ཡོད་པ་རེད།

ས་གནས་དེ་གར་འདེབས་འཛུགས་བྱ་རྒྱུར་དེ་བས་འཚམ་པ་དང་གསོན་ཤུགས་དེ་བས་ཆེ་བའི་རྩྭ་སོན་འདེབས་གསོ་བྱ་ཆེད། རྩྭ་ས་སྐྱེ་འཚར་ལ་འཕྲད་པའི་དངོས་ཡོད་གནད་དོན་དང་ཟུང་འབྲེལ་བྱས་ཏེ་སེར་ཤུལ་རྫོང་གིས་སྤུས་ལེགས་ཀྱི་ས་རྒྱུའི་རྩྭ་སོན་ཐོན་ཁུངས་སྔོག་འདོན་དང་ཕུལ་བྱུང་གི་སོན་བཟང་གསར་པ་ནང་འདྲེན་གྱི་གཙོ་རྐང་གཉིས་ལ་དམིགས་ཏེ། རྩྭ་ཐང་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་གི་ཚན་རྩལ་ཚོད་ལྟའི་རྟེན་གཞིའི་ནང་ཚན་རིག་དང་མཐུན་པའི་སྒོས་སེར་ཤུལ་གྱི་ཁྱི་རྔ་རྩྭ་དང་། ཉག་ཆུའི་ཁྱི་རྔ་རྩྭ། མཚོ་སྔོན་གྱི་ཡུག་པོ་སོགས་རྩྭ་སོན་གྱི་ཚོད་ལྟའི་མ་དཔེ་བདམས་ནས་ལོ་མང་སྐྱེ་བའི་རྩྭ་སོན་དང་ལོ་གཅིག་སྐྱེ་བའི་ཕྱུགས་རྩྭའི་སོན་རྒྱུ་ཟུང་འབྲེལ་བྱས་ཏེ། མཐོ་གྲང་ཁུལ་དུ་བཏབ་པའི་ནུས་ཆེའི་ཐོན་སྐྱེད་བྱེད་སྟངས་དང་མཐོ་གྲང་ཁུལ་གྱི་རྩྭ་སོན་ཉམས་ཞན་དུ་གྱུར་པའི་རྩྭ་རྩི་ཤིང་སླར་གསོ་བཅོས་སྒྲིག་བྱེད་སྟངས་འཚོལ་ཞིབ་དང་ཞིབ་འཇུག་བྱས་པ་རེད།

ཆོས་འཕེལ་ཚེ་རིང་གིས་ང་ཚོའི་ཚོད་ལྟའི་རྟེན་གཞི་འདི་ད་ལོའི་ཟླ་བ་ལྔ་པ་ནས་བཟུང་རྩྭ་འདེབས་འགོ་ཚུགས་པ་ཡིན། དེའི་ནང་མཚོ་སྔོན་གྱི་ཁྱི་རྔ་རྩྭ་དང་། ཡུག་པོ། གྲོ་མང་སོགས་རྩྭ་སོན་ནང་འདྲེན་བྱས་ཡོད། གལ་ཏེ་ཟླ་རེའམ་ཡང་ན་གཟའ་འཁོར་རེར་དེ་གའི་རྩྭར་ལྟད་མོ་བལྟ་ས་ཡོང་ཐུབ་ན་རྩྭ་དེ་དག་གི་སྐྱེ་ཚུལ་ཡག་པོ་ཡོད་རེད་ཅེས་བཤད།

ཚན་རྩལ་ཚོད་ལྟའི་རྟེན་གཞི་དེར་མཐོ་རིམ་སློབ་གྲྭ་མང་པོའི་ཚོད་ལྟ་ཁུལ་གྱིས་སེར་ཤུལ་རྫོང་གི་རྩྭ་ཐང་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ཐད་ཚན་རྩལ་གྱི་འདེགས་སྐྱོར་དང་གསར་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། ཚན་རྩལ་ཚོད་ལྟའི་རྟེན་གཞིས་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་རྣམ་པ་སྤྱད་དེ་ཆིང་ཧྭ་སློབ་ཆེན་དང་། སི་ཁྲོན་སློབ་ཆེན། ལྷོ་ནུབ་ཚན་རྩལ་སློབ་ཆེན་སོགས་མཐོ་སློབ་མང་པོ་དེའི་ནང་ཞུགས་པ་བཀུག་ཡོད། དེའི་ནང་ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཡུས་ལགས་ཀྱིས་ཚོད་ལྟའི་ས་ཞིང་ནང་ལྡོག་འགོག་དང་ནུས་པ་འཕེལ་བའི་ཚིལ་ལྡན་སྐྱེ་དངོས་ལུད་གསར་པ་སྤྱད་དེ་རྩྭ་སོན་ལ་སྟབས་བདེའི་ཚིལ་རིགས་སྐྱེ་ལྡན་ཆུ་བཞུ་ལུད་མཉམ་བསྲེས་ཀྱི་ཐབས་སྤྱད་ཡོད། བྱེད་ཐབས་དེས་ས་བོན་དྲོད་ཚད་དམའ་བ་དང་སྐམ་ཤས་ཆེ་བའི་ཆ་རྐྱེན་འོག་མྱུ་གུ་འབུས་རྒྱུར་ནུས་པ་ཐོན་པ་དང་། རྩི་ཤིངROSཡི་འགོག་སྲུང་ལམ་སྲོལ་ལ་སྐུལ་སློང་ཐུབ་པ་དང་།རྩི་ཤིང་གི་སྡོང་རྐང་འཚར་ལུང་གི་ཁོར་ཡུག་ངན་པ་འགོག་རྒྱུར་ནུས་པ་བཅས་ཐོན་ཡོད།

ཆོས་འཕེལ་ཚེ་རིང་གིས་སློབ་གྲྭ་དང་ཁེ་ལས། སློབ་གྲྭ་དང་ས་གནས་མཉམ་ལས་བྱས་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། དཔེར་ན། ཆུ་བཞུ་སྐྱེ་ལྡན་ལུད་སྤྱད་པ་དང་ཆུ་བཞུ་སྐྱེ་ལྡན་ལུད་མ་སྤྱད་པའི་རྩྭ་ཡི་སྐྱེ་ཚུལ་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད། རྟེན་གཞིའི་ད་སྔའི་གནས་ཚུལ་ལ་བལྟས་ན། གྲུབ་འབྲས་དང་ཚན་ཞིབ་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་ཡོད་ཅེས་བཤད།

ད་ཆ་གྲང་ངར་འགོག་ཐུབ་པ་དང་རྩ་བ་སྐྱེས་ཚུལ་བཟང་བ། སྡོང་ལག་རྒྱས་ནུས་ཆེ་བ། སྐྱེ་ཁམས་ཉམས་གསོའི་ཕན་འབྲས་ཆེ་བ་བཅས་ཀྱི་རྩྭ་སོན་དེ་དག་སེར་ཤུལ་རྫོང་རྩྭ་ཐང་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་གི་ཚན་རྩལ་ཚོད་ལྟའི་རྟེན་གཞིའི་ནང་གཅིག་རྗེས་གཉིས་མཐུད་ནས་ཐོན་ཡོང་བ་དང་། ཚོད་ལྟའི་གྲངས་གཞི་ལས་རྩྭ་ཐང་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་བྱེད་པར་ས་བོན་གྱི་འདེགས་སྐྱོར་དང་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་བཞིན་ཡོད།

སྤུས་ལེགས་རྩྭ་སོན་དེ་དག་འདེམས་གསོ་བྱས་པ་དེས་སེར་ཤུལ་རྫོང་གི་སྐྱེ་ཁམས་འཛུགས་སྐྱོང་ལ་གསོན་ཤུགས་གསར་པ་གནང་ཡོད་པ་ལས་ས་གནས་དེ་གའི་མི་སེར་ལ་རེ་བ་དང་བདེ་སྐྱིད་གང་མང་བསྐྲུན་ཡོད། སྐྱེ་ཁམས་འཛུགས་སྐྱོང་ནི་རྒྱུན་མཐུད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པས། ཕྱིན་ཆད། སེར་ཤུལ་རྫོང་གིས་བསགས་པའི་ཉམས་མྱོང་གང་ལེགས་སྤྱད་ནས་ས་ཁོངས་འཚམ་པར་བྱེ་འགྱུར་བཅོས་སྒྲིག་དང་དམངས་ཡོངས་ཀྱིས་རྩྭ་འདེབས་པ་སོགས་ལ་སྐུལ་མ་ཧུར་ཐག་བཏང་ནས་མི་སེར་ལ་ཕན་པ་ཏན་ཏིན་ཐོབ་པ་དང་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་གཏང་རྒྱུ་རེད།

སྐྱེ་ཁམས་སླར་གསོ་བྱས་ནས་རི་ཆུ་དེ་ལས་སྔོན་ཞིང་གཙང་ལ་མི་སེར་དེ་བས་ཕྱུག་པོར་གྱུར།

ནམ་མཁའ་སྔོན་ཞིང་དྭངས་ལ་སྤྲིན་པ་དཀར་ཞིང་དྲི་མ་མེད་པ། རྩྭ་ཐང་ལྗང་ཞིང་སྣུམ་ལ་རིན་ཆེན་གཡུའི་ཞུན་མ་དང་གཉིས་སུ་མ་མཆིས་ཤིང་།རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས་ཤིང་ཁྱུ་དང་ཁྱུ་བྱས་ནས་རྩེད་དགའ་རོལ་བ། སེར་ཤུལ་རྫོང་ཕྱག་ཚྭ་གྲོང་རྡལ་གྱི་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སླར་གསོའི་དཔེ་སྟོན་ཁུལ་དུ་རྩྭ་ཆུ་བཟང་ཞིང་མཛེས་སྡུག་གི་ལྷ་ཡུལ་ལྟ་བུར་ཀུན་ནས་མཚུངས། ཕྱག་ཚྭ་གྲོང་རྡལ་གྱི་འབྲོག་པ་འཇིགས་མེད་ཀྱིས་སྐྱེས་ཚུལ་བཟང་པའི་རྩྭ་ས་མིག་ལམ་དུ་མཐོང་སྐབས་རང་དབང་མེད་པར་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཏེ། ལོ་ཤས་གོང་དེ་ག་ནི་སེར་ཤུལ་གྱི་བྱེ་འགྱུར་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་སུ་ཞིག་གི་བློ་ལ་འཆར་ངེས།

འབྲོག་པ་འཇིགས་མེད་ཀྱིས་ཚོར་སྣང་ཟབ་མོས་བཅོས་སྒྲིག་མ་བྱས་གོང་དེ་གར་བྱེ་འགྱུར་གྱི་ཚད་ཧ་ཅང་ཚབས་ཆེན་ཡིན་པས་རྩྭ་ར་ཚང་མ་ས་ནག་གིས་ཁེབས་ཡོད། ཁ་བ་དང་ཆར་བ་བབས་སྐབས་རླངས་འཁོར་འགྲོ་ཐབས་བྲལ་བར་མ་ཟད། རྐང་ཐང་འགྲོ་ནའང་འདམ་པས་གང་ནས་འགྲོ་དཀའ་བ་ཡིན་ཞེས་སྔར་གྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་ཚོར་སྣང་ཟབ་མོའི་ངང་དེ་ལྟར་བཤད།

ཕྱག་ཚྭ་གྲོང་རྡལ་གྱི་གྲོང་ཚོ་གསུམ་པའི་རྩྭ་རར་སྐྱེ་ཁམས་སླར་གསོ་བྱེད་ཆེད། སེར་ཤུལ་རྫོང་གིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་རྩྭ་ཐང་ཞན་འགྱུར་སྐྱེ་ཁམས་བཅོས་སྐྱོང་སྐོར་གྱི་འབྲེལ་ཡོད་ལས་ཀའི་བླང་བྱ་གཞིར་བཟུང་སྟེ་མུ་མཐུད་ངང་རྩྭ་ཐང་གི་སྐྱེ་ཁམས་བཅོས་སྐྱོང་བྱས་པ་དང་། མི་ཤུགས་ཀྱིས་རྩྭ་འདེབས་པ་དང་། རྩྭ་བཀག་དང་ཕྱུགས་འཚོ་རེས་བྱས་པ། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཕྱག་ཚྭ་གྲོང་རྡལ་གྲོང་སྡེ་གསུམ་པའི་ད་ལྟའི་རྩྭ་རའི་རྣམ་པར་སླར་གསོ་བྱས་ཐུབ་པ་རེད།

དགའ་འོས་པ་ཞིག་ནི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་སེར་ཤུལ་རྫོང་གི་འབྲོག་པའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་རྒྱུན་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་འབྲོག་པ་མང་ཚོགས་ཀྱི་རྩྭ་འདེབས་པའི་ཧུར་སེམས་ཆེ་རུ་ཕྱིན་ནས་བྱེ་བཅོས་དང་། ནགས་བཟོ། རྩྭ་འདེབས་པ་བཅས་ནི་འབྲོག་པ་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

ཕྱག་ཚྭ་གྲོང་རྡལ་གྲོང་སྡེ་གསུམ་པའི་ཀྲི་པུའུ་ཧྲུའུ་ཅིས་ད་ལོའི་ཟླ་ལྔ་པར་འབྲོག་པ་ཆིག་སྟོང་ལྷག་ཙམ་གྱིས་ཕྱག་ཚྭ་གྲོང་རྡལ་བྲག་དིས་ལུང་ཤུར་དུ་ད་ལོའི་རྩྭ་གསར་བཏབ་ཡོད། རྩྭ་གསར་བདེ་བླག་ངང་སྐྱེས་ཐུབ་ཚེ། གྲོང་ཚོའི་ནགས་སྲུང་བ་ཚོས་ཉིན་ལྟར་ལས་རེས་བྱས་ནས་འབྲི་གཡག་དང་རྟ་སོགས་སྲོག་ཆགས་ཀྱིས་བཟའ་རུ་ཡོང་བར་བཀག་འགོག་ཡག་པོ་བྱས་ཡོད། བདག་གཉེར་དོ་དམ་ཡག་པོ་བྱས་པ་བརྒྱུད། རྩྭ་གསར་པ་ཧ་ཅང་ཡག་པོ་སྐྱེས་པར་མ་ཟད། ཚང་མའི་ཐོབ་ཚོར་ཡང་ཆེ་རུ་ཕྱིན་སོང་ཞེས་བཤད།

རྩྭ་ལེགས་པོ་སྐྱེས་ཡོད་ཚེ་དགུན་ཁར་གཟན་རྩྭ་འདང་ངེས་ཡོད་པ་དང་ཆབས་ཅིག་ཕྱུགས་རིགས་བཤས་གཏོང་བའི་དུས་ཡུན་ཐུང་དུ་ཕྱིན་ནས་འབྲོག་པར་གཟན་རྩྭ་བཏབ་པའི་ཁྲོད་ནས་ཕན་པ་ཆེན་པོ་ཐོབ་པ་རེད།

འབྲོག་པ་འཇིགས་མེད་ཀྱི་གདོང་ལ་འཛུམ་གྱིས་ཁེངས་པའི་སྒོས་བྱེ་འགྱུར་བཅོས་སྒྲིག་བྱས་རྗེས། གཟན་རྩྭ་མང་ཞིང་ཡག་པོ་ཡོད། ད་ལྟ་དགུན་ཁར་ཞོ་དང་། འོ་མ། མར་སོགས་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད་པས་རང་གིས་བཟའ་ཆོག་པར་མ་ཟད། གཞན་ལ་ཚོང་ནས་ཡོང་འབབ་ཀྱང་ཇེ་མང་སོང་ཡོད་ཅེས་གསར་འགོད་པར་དེ་ལྟར་བཤད།

ཕྱག་ཚྭ་གྲོང་རྡལ་གྲོང་སྡེ་གསུམ་པའི་སྤྱི་ཁྱབ་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཀྲི་པུའུ་ཧྲུའུ་ཅིས་གསར་འགོད་པར་རྩྭ་ཁ་ཉམས་གསོ་བྱས་རྗེས། ཕྱུགས་ཟོག་མང་པོའི་དུད་ཚང་རེར་ཉིན་རེར་འོ་མ་སྤྱི་རྒྱ25མང་དུ་འབབ་ཀྱི་ཡོད་པ་དང་། ཁྲོམ་རའི་རིན་གོང་ལྟར་སྤྱི་རྒྱ་རེར་སྒོར16བརྩིས་ན་ཉིན་རེར་ཡོང་འབབ་སྒོར400ལྷག་འཕར་གྱི་ཡོད་པ་རེད་ཅེས་བཤད།

ད་ལོར། སེར་ཤུལ་རྫོང་གིས་བྱེ་འགྱུར་བཅོས་སྒྲིག་མུའུ་ཁྲི2དང་། མི་ཤུགས་ལ་བརྟེན་ནས་རྩྭ་འདེབས་པ་དང་དམངས་ཡོངས་ཀྱིས་རྩྭ་འདེབས་པ་བརྒྱུད་ནས་ཁྱོན་བསྡོམས་རྩྭ་མུའུ་31907.5འདེབས་ཐུབ་པས། ཞན་འགྱུར་རྩྭ་ས་བཅོས་སྒྲིག་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆ85ཡན་ཟིན་ཡོད་པས། ས་ཞིང་བྱེ་འགྱུར་དང་ཉམས་ཞན་དུ་འགྲོ་བའི་རྣམ་པར་བཀག་འགོག་ནུས་ལྡན་ཐུབ་ཡོད། གོང་གི་གྲུབ་འབྲས་འདི་དག་གི་རྒྱབ་ཏུ་སྡུག་རུས་དང་འབད་པ་གང་མང་ཞིག་བརྒྱབ་ཡོད་པ་ནི་སྨོས་མེད་ཡིན་ལ། ད་ལྟར། རི་ཆུ་སྔོ་ཞིང་དྭངས་ལ་ཁོར་ཡུག་གཙང་ལ་མཛེས་པའི་གནས་མཆོག་བྱང་སྡེ་ཉི་མ་རྫ་ཆུ་ཁས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་དག་དེ་གར་མགྲོན་དུ་ཕེབས་པར་སྒུག་ནས་བསྡད་ཡོད་དོ།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)