国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གདོད་མའི་ནགས་ཚལ་།

སྔོན་ཆད་བྱི་ལོང་ཞིག་གིས་གྲུམ་པ་ལ་གྲོགས་པོ་བསྒྲིག་འདོད།

རྒྱུ་མཚན་ནི་བྱི་ལོང་གིས་ཇི་ལྟར་བལྟས་ཀྱང་གྲུམ་པ་ནི“མི་གྲགས་ཅན”ཞིག་དང་འདྲ་བར་སྙམ། གྲུམ་པ་ནམ་རྒྱུན་སྒོ་རུ་བུད་པ་མི་དགའ་ནའང་ཁོའི་མཐོང་མི་ཐུབ་པའི་ཕན་ནུས་ཏེ་ས་འདི་གར་འཚོ་བའི་མི་ཚང་མས་ཤེས་པ་ཡིན།

བྱི་ལོང་གིས་ཆུ་ཙིག་ལ་དོན་དག་འདི་རྟག་ཏུ་གླེང་ཡང་ཆུ་ཙིག་གིས་དུས་རྒྱུན་ཕྱིར་ འགྱངས་བྱ།

ཆུ་ཙིག་གིས་བྱི་ལོང་ལ།“ད་རུང་སྒུག་དང་ཉིན་ཞིག་གྲུམ་པ་ཡོང་བ་ཁོ་ཐག་ཡིན། སྔར་ཡིན་ན་ཁོ་རྒྱུན་དུ་ཡོང་གི། ཁོ་ཐོན་ན་ངས་ཁྱོད་ལ་ངོ་སྤྲོད་བྱེད་ཆོག། ཡིན་ན་ཡང་། གྲུམ་པ་དེ་ཁྱོད་ཀྱིས་བསམ་པ་ནང་བཞིན་ཡིན་པར་འདོད་མི་རུང་མ་གཏོགས་ཁྱོད་རང་ཡིད་ཕམ་རྒྱུ་རེད། གང་ལྟར་ཡང་ཁྱོད་རང་ངོ་ཐུག་རྗེས་ཤེས་ཐུབ”ཅེས་བཤད།

བྱི་ལོང་ན་རེ། དེས་ན་ཁྱོད་ཀྱིས་ཁོང་ངའི་ཁྱིམ་དུ་ཟ་མ་ཟ་བར་གདན་འདྲེན་བྱ་ཐུབ་རྒྱུ་ཨེ་རེད་ཅེས་དྲིས།

ཆུ་ཙིག་གིས་སྦ་གསང་མེད་པའི་ངང“ཁྱོད་འདི་འདྲའི་སྐྱིད་པོ་དྲན་ཐུབ་པ་ལ་ཨང་། ཁོ་ཡོང་མི་སྲིད། གྲུམ་པ་འདུ་འཛི་ལ་མི་དགའ་པར་མ་ཟད་མགྲོན་འབོད་དང་གསོལ་སྟོན་གྱི་རིགས་ལ་དེ་བས་ཀྱང་སྤྲོ་བ་མི་འདུག”ཅེས་བཤད།

བྱི་ལོང་གིས“འོ་ན། ངེད་གཉིས་ཁོང་ལ་བལྟ་རུ་སོང་ན་ཆོག་གམ”ཞེས་བསམ་འཆར་ འདོན་པ་ན།

ཆུ་ཙིག་གིས་དཔའ་ཞུམ་བའི་ངང“ད་གླེན་བཤད་མ་རྒྱག། ཁོས་ངེད་གཉིས་ལ་དགའ་བསུ་མི་བྱེད་ཁོ་ཐག་ཡིན། གྲུམ་པ་ཧ་ཅང་ངོ་གནོངས་ཏེ་ཁོང་ཁྲོ་ལངས་ངེས་རེད། གྲུམ་པ་དང་ངེད་གཉིས་ངོ་ཤེས་ཡིན་མོད། འོན་ཀྱང་ང་རང་གིས་ཉེན་ཁར་མ་འཛེམ་པར་ཁོའི་ཁྱིམ་དུ་འཚམས་འདྲིར་འགྲོ་བའི་གནས་སུ་ད་དུང་སླེབས་མེད་པར་མ་ཟད། འདི་གཏན་ནས་བསྒྲུབ་ཐུབ་ནི་མ་རེད། རྒྱུ་མཚན་ནི་ཁོ་ད་དུང་གདོད་མའི་ནགས་ཚལ་གྱི་དབུས་སུ་གནས་ཡོད”ཅེས་ཟེར།

བྱི་ལོང་ན་རེ།“ཁོང་དེར་གནས་ཡོད་རུང་ཁྱོད་ཀྱིས་སྔོན་ཆད་ང་ལ་བཤད་པ་ལྟར་ན་གདོད་མའི་ནགས་ཚལ་ནང་འདི་འདྲའི་ཉེན་ཁ་ཞིག་མེད་སྙམ།

ཆུ་ཙིག་གིས“རེད། དེ་ངས་ཤེས། ཉེན་ཁ་ཞིག་དངོས་གནས་ཅང་མེད་མོད། འོན་ཀྱང་། ངས་བལྟས་ན་ད་ལྟ་ང་ཚོ་དེ་རུ་འགྲོ་མི་རུང་། ད་རུང་འགྲོ་བའི་དུས་ཚོད་མིན་ལ་ལམ་ཐག་ཀྱང་ཤིན་ཏུ་རིང་བར་མ་ཟད་དུས་ཚིགས་འདིའི་ནང་གྲུམ་པ་ཡང་ཁྱིམ་དུ་ཡོད་མི་སྲིད། ཁྱོད་རང་སེམས་བག་ཕེབས་ཀྱིས་ངང་སྒུག་དང་ནམ་ཞིག་ལ་ཁོ་རང་ཉིད་ཡོང་ན་ཐང”ཞེས་ཟེར།

བྱི་ལོང་ཐབས་ཟད་དེ་སུན་སྣང་མེད་པའི་སྒོ་ནས་མུ་མཐུད་དུ་མི་སྒུག་ཀ་མེད་བྱུང་།

འོན་ཀྱང་། ཁོས་ཇི་ལྟར་བསྒུགས་ཀྱང་གྲུམ་པ་གཏན་ནས་མ་ཡོང།

བྱི་ལོང་ལ་རྒྱུན་དུ་རྩེད་ཆས་མང་པོ་ཡོད་པས་དབྱར་ཚིགས་འདས་བར་དུ་རྩེ་ནས་བསྡད།

དེའི་རྗེས། ཁོ་ཡང་གྲོགས་མེད་ཁེར་རྐྱང་དུ་གནས་པའི་སྐྲ་སེར་གྲུམ་པ་དེ་དྲན་ཨང་།

དགུན་ཟླ་ལ་སླེབས་ཟིན་པས། ཆུ་ཙིག་ནི་སྔར་ཞིག་ནས་དགུན་ཉལ་དུ་སོང་བར་མ་ཟད་ཡུན་རིང་ཞིག་ལ་ཕྱིར་མི་འོང་བས་གཉིད་བའི་དུས་ཚོད་ཕུན་སུམ་ཚོགས་པ་འདུག།

དགུན་ཉིན་ཐུང་ཐུང་གི་ནང་ཁོས་སྐབས་འགར་གང་འདོད་དུ་སྙན་ངག་འབྲི་བ་དང་ཁྱིམ་ལས་ལས་ནས་བསྡད་འདུག། མཚམས་རེ་ལ། ཁོའི་ཁྱིམ་དུ་ཁ་བརྡ་བཤད་མཁན་གྱི་སྲོག་ཆགས་ཡོང་བ་ཡང་ལོས་ཡོད། ཁོ་ཚོ་ཚང་མས་ཕུན་སུམ་ཚོགས་པའི་དབྱར་ཁའི་འཚོ་བ་ཕྱིར་དྲན་བྱས་ཏེ། དེ་ནི་རྣམ་པ་ཇི་འདྲའི་མང་བ་དང་ཚོན་མདངས་དེ་འདྲའི་མཛེས་པ་ཞིག་རེད་ཨང་།

ཁོ་ཚོས་དབྱར་ཁའི་ཕྱི་དྲོ་ལ་གྲུ་ཆུང་བཏང་བ་དང་ཁྲུས་རྒྱག་པའི་སྤྲོ་སྣང་སོགས་དྲན་གྱིན་ཡོད་ཅིང་། ས་རྡུལ་གྱིས་ཁེངས་པའི་རིབ་མའི་ལམ་བུ་སྟེང་འཆམ་འཆམ་དུ་འགྲོ་བ་དང་གསེར་མདོག་གི་མ་རྨོས་ལོ་ཏོག་ཞིང་ས་བརྒྱུད་ནས་སྤྲོ་གསེང་ཆས་པའི་འདས་དོན་ཡང་ཡིད་ལ་དྲན། མཐར་ཁོ་ཚོས་མཉམ་དུ་བསིལ་ཞིང་དུས་ཡུན་རིང་བའི་ས་སྲོས་དེ་ཕྱིར་དྲན་བྱས་ནས་དུས་དེ་དག་གི་ནང་དུ་གཏམ་རྒྱུད་ཇི་འདྲའི་མང་སྟེ། གྲོགས་པོ་ཇི་འདྲའི་མང་པོ་ཞིག་སྒྲིག་པ་དང་ཕྱི་ཉིན་གྱི་ཉེན་ཁ་ཆེ་བའི་བྱ་འགུལ་དེ་འདྲ་མང་པོ་ཞིག་བཀོད་སྒྲིག་བྱས་ཡོད།

རེད་ཡ། ཉི་མ་ཐུང་བའི་དགུན་དུས་སུ་སྲོག་ཆགས་རྣམས་མེ་ཐབ་སྐོར་ནས་ས་བཤད་རྡོ་བཤད་ངང་བསྡད་དེ་བྱ་དངོས་མི་ཉུང་བ་ཞིག་དྲན་གྱིན་ཡོད་ཡ།

འོན་ཀྱང་བྱི་ལོང་ལ་སྔར་བཞིན་ཁོམ་པ་མི་ཉུང་བ་ཞིག་ཡོད་པས་ཉི་མ་འཁྱོལ་ཐབས་བྲལ།

དེ་ནས་ཉིན་ཞིག་གི་ཕྱི་དྲོར། ཆུ་ཙིག་སྔར་བཞིན་ཚ་ཧུ་ཧུའི་མེ་ཐབ་མདུན་གྱི་ལག་སྐྱོར་རྐུབ་བཀྱག་སྟེང་གཉིད་ཅོག་རྒྱག་ཞོར་དུ་སྦྱོར་བར་དཀའ་བའི་སྙན་ངག་གི་སྒྲ་རྒྱན་ལ་བསམ་བློ་ཡང་ཡང་གཏོང་བཞིན་པའི་སྐབས། བྱི་ལོང་གིས་ཁོ་རང་གཅིག་པུ་གདོད་མའི་ནགས་ཚལ་དུ་ཐེངས་ཤིག་མྱུལ་དཔྱོད་འགྲོ་རྒྱུ་སེམས་ཐག་བཅད། ཁོའི་བསམ་པར་ངེས་གཏན་མེད་ན་དེ་རུ་སྐུ་ཞབས་གྲུམ་པ་དང་གྲོགས་སུ་གྱུར་ནའང་ཐང་སྙམ།

ཁོས་དྲན་པ་ནང་བཞིན་བསྒྲུབས་ཏེ། ཚོམས་ཆེན་དྲོན་མོ་ནས་ཕྱིར་བུད་སྐབས། གྲང་ངར་ཆེ་ཞིང་འཇམ་ཐིང་ཐིང་གི་དགུན་ཁའི་ཕྱི་དྲོ་ཡིན་པས། མགོ་ཐོག་ནི་ལྕགས་ཐལ་མདོག་གི་ནམ་མཁའ་ཡིན་ལ། མཐའ་འཁོར་གྱི་ས་རྒོད་ན་སྲོག་ཆགས་གཅིག་ཀྱང་མེད་པར་མ་ཟད་སྡོང་པོ་ཡང་མགོ་རིལ་དུ་གྱུར་འདུག།

རང་བྱུང་ཁམས་ཆེན་མོ་ལོ་ཚིགས་གཅིག་གི་གཉིད་ལམ་དུ་གནས་ཏེ། ལུས་སྟེང་གི་གོས་ཕུད་པ་དང་གཉིས་སུ་མ་མཆིས། ནགས་རྫོབ་དང་རུ་ཁུག་ཆུང་ཆུང་། གཏེར་འདོན་ས་ཁུལ། སྦས་གསང་གི་ས་ཆ་ཡོངས་རྫོགས་སྔར་སྔོ་སིང་སིང་གི་དབྱར་དུས་ལ་དེ་འདྲའི་འཚོལ་ཞིབ་ཆོག་པའི་གཏེར་མཛོད་ཅིག་ཡིན་ལ། ད་ལྟ་ནི་ཁོ་ཚོའི་གསང་བ་དང་མཉམ་དུ་དམར་རྗེན་དུ་མངོན་ཡོད།

བྱི་ལོང་སྤྲོ་སྣང་ལྡན་པའི་སྒོས་གདོད་མའི་ནགས་ཚལ་གྱི་ཕུགས་ལ་གཏད་ནས་མདུན་དུ་སོང་།

ནགས་ཚལ་འདི་ཁོ་ལ་མཚོན་ན་འཇིགས་སྣང་མི་ཉུང་བ་ཞིག་ཡོད་པ་དང་མཚུངས་ཏེ། དཔེར་ན་དབེན་པའི་མཚོ་འོག་ཏུ་ཉེན་ཁ་ཆེ་བའི་བྲག་རྡོ་མང་པོ་ཡོད་པ་ནང་བཞིན་ཡིན།

ཁོ་ནགས་ཚལ་དུ་དང་ཐོག་འཛུལ་ནས་འགྲོ་སྐབས། ཁོའི་རྐང་འོག་ཏུ་ལྕུག་ཕྲན་སྐམ་པོའི་ཆག་སྒྲ་དང་སྐབས་རེ་ལ་ཤིང་ལ་རྐང་མགོ་ཐོགས་པ་མ་གཏོགས་བྱ་དངོས་གཞན་གྱིས་ཁོ་ལ་ཐ་ཚིག་མ་སྒྲོག།

འོན་ཀྱང་། འདི་དག་ཚང་མ་སྤྲོ་སྣང་ལྡན་པ་ལས་ད་དུང་ཧ་ཅང་ཟུག་གཟེར་སློང་བ་ཞིག་ཡིན་པས་དེ་ཚོས་ཁོ་རང་མདུན་དུ་ཁྲིད། ཁོས་ཅུང་མུན་ནག་གི་ས་དེར་འཛུལ་ནས་སོང་ཞིང་། དེ་རུ་ལྗོན་ཤིང་ཇེ་སྟུག་ནས་ཇེ་སྟུག་ཡིན་ལ། གཡས་གཡོན་གྱི་ས་ཁུང་གིས་ཁོ་ལ་རྣམ་འགྱུར་ཡ་མཚན་ཅན་ཤ་སྟག་སྟོན།

ད་ལྟ་ཐམས་ཅད་ཁུ་སིམ་མར་གནས།

རྗེས་ནས་ངོ་གདོང་ཞིག་བྱུང་།

བྱ་དངོས་དེ་ཁོའི་ཕྲག་པའི་སྟེང་གསལ་ལ་མི་གསལ་བར་གནས་ཤིང་། ཐོག་མར་ཁོས་རང་ནུས་ ཀྱིས་ངོ་གདོང་ཞིག་མཐོང་བར་འདྲ་ལ། དེ་ནི་ཤིང་ཁྱིའུ་འདྲ་བའི་སྡུག་རུལ་གྱི་ངོ་གདོང་ཞིག་སྟེ་ས་ཁུང་ནང་ནས་ཁོ་ལ་བལྟས་འདུག།

འོན་ཀྱང་། ཁོས་ཁ་ཕྱིར་འཁོར་ནས་དེར་ངོ་གཏད་ནས་བལྟས་པ་ན་བྱ་དངོས་དེ་ཡང་མི་མཐོང་བར་གྱུར།

བྱི་ལོང་དངངས་སྐྲག་ངང་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རང་གིས་རང་ལ་ད་མི་བསམ་དགུ་བསམ་མི་བྱེད་མ་གཏོགས་བསམ་ན་མཇུག་རྫོགས་རྒྱུ་མེད་ཅེས་ཁེར་ལབ་བྱེད་ཞོར་ས་ཁུང་མང་པོ་ཞིག་བརྒྱུད་ནས་སོང་། སྐབས་དེར། བྱ་དངོས་དེ་མཚམས་རེ་ཡོད་ལ་མཚམས་རེར་མེད། ཡང་སྐབས་རེར་མཐོང་ཞིང་། ངོ་གདོང་ཕྲ་མོ་ཞིག་ངོ་མ་ཡོད་དེ། ཁྲོ་ཉམས་ཆེ་བའི་སྒོས་མིག་ཟུང་བགྲད་དེ་ས་ཁུང་ཞིག་གི་ནང་ནས་འཕྲལ་མངོན་ཙམ་གྱིས་ཡལ་སོང་།

ཁོས་སོམ་ཉིའི་དྲ་རུ་ལྷུངས་ཏེ་གོམ་མཚམས་འཇོག་ཙམ་བྱས་རྗེས་ཡང་ངར་ཤུགས་གཅིག་སྒྲིམ་གྱིས་མུ་མཐུད་དེ་མདུན་དུ་སྐྱོད། དེ་ནས་གློ་བུར་དུ་སྔར་དང་ནང་བཞིན་ཉེ་རྒྱང་ཀུན་གྱི་ས་ཁུང་ཚང་མ(དེ་རུ་ས་ཁུང་བརྒྱ་ཕྲག་ཁ་ཤས་ཤིག་ཡོད)ནང་ཧ་ལམ་རང་གི་ངོ་གདོང་རེ་ཡོད།

ཁོས་བསམ་རྒྱུར། ཆུ་འགྲམ་གྱི་དོང་དང་ཁ་བྲལ་ཐུབ་ན། འཇིགས་པའི་ངོ་གདོང་དེ་ཡོད་མི་སྲིད་སྙམ།

ཁོས་རྐང་ལམ་ཕྲ་མོ་དེ་བསྐོར་ནས་ནགས་ཚལ་ནང་གི་ས་སྟོང་ལུང་སྟོང་ཞིག་ལ་འཛུལ་སོང་།

དེའི་རྗེས། སི་སྒྲ་ཞིག་གྲགས་ཤིང་།

སྒྲ་དེ་ཆུང་ཡང་རྣ་བར་གཟན་པ་ཞིག་ཡིན་ལ། དང་ཐོག་གོ་དུས་ཁོའི་རྒྱབ་ཕྱོགས་ཀྱི་རྒྱང་རིང་ཞིག་ན་གྲག་གིན་ཡོད་མོད། འོན་ཀྱངརྒྱུ་མཚན་ཅི་ཡིན་མི་ཤེས་པར་དེས་ཁོ་མདུན་དུ་འདེད། དེ་ནས། སྒྲ་དེ་ཡང་སྔར་བཞིན་ཁོའི་མདུན་ཕྱོགས་ཀྱི་རྒྱང་རིང་ཞིག་ན་སླེབས་འདུག་པས། ཁོ་ལ་ཐེ་ཚོམ་སྐྱེས་ཏེ་ཁ་ཕྱིར་འགྲོ་རྒྱུའི་བསམ་བློ་ཞིག་སྐྱེས།

སྨོས་མ་དགོས་པ་ཞིག་ནི་ཁོ་ཚོ་སུ་ཡིན་རུང་ཚང་མ་གཉིད་མེད་ལ། དོགས་ཟོན་གྱི་ངང་ནས་གྲ་སྒྲིག་ལེགས་པོ་བྱས་ཡོད།

འོན་ཀྱང་བྱི་ལོང་ནི་གྲོགས་མེད་གཅིག་པུ་ཡིན་པར་མ་ཟད་མཚོན་ཆ་ཡང་མེད།

དེ་ནས། གོམ་སྒྲ་ཡང་འགོ་བརྩམས་བྱུང་།

སྒྲ་ནི་ཧ་ཅང་ཆུང་ཞིང་འཇམ་པོ་ཞིག་རེད། ཐོག་མར་ཁོས་ལོ་མ་ལྷུང་བའི་སྒྲ་རེད་སྙམ། རྗེས་སུ་སྒྲ་གདངས་དྲག་ཞན་གྱི་འགྱུར་བ་དང་བརྟེན་ནས་དལ་ལྷོད་འཚམ་པོའི་ཆོས་ཉིད་ཅིག་བྱུང་བས། ཁོས་སྒྲ་དེ་ཅི་ཡིན་པ་ཧ་གོ་ཞིང་དེ་ནི་སྒྲ་གཞན་པ་ཞིག་མིན་ཏེ་རྒྱང་རིང་རྐང་མཐིལ་ཆུང་ཆུང་གི་ཕཱ་ཐ། ཕཱ་ཐ་ཡི་སྒྲ་རེད།

ཁོ་བྲེལ་འཚུབ་བླངས་ཏེ་སྒྲ་དེ་གང་ནས་བྱུང་པ་ཕར་ཉན་ཚུར་ཉན་བྱས་པ་ན་སྒྲ་དེ་ཡང་ཕྱོགས་བཞི་མཚམས་བརྒྱད་ནས་གྲགས་ཡོང་བས་ཁོ་རང་་མཐའ་ནས་སྐོར་བ་དང་མཚུངས།

དེའི་སྐབས་སུ། རི་བོང་ཞིག་ནགས་ཚལ་བརྒྱུད་དེ་ཁོའི་ཕྱོགས་སུ་བྲེལ་བ་འཚབ་འཚུབ་ཀྱིས་རྒྱུགས་ཡོང་།

བྱི་ལོང་གིས་ས་དེར་ཙོག་པར་ལངས་ནས་རི་བོང་གི་གོམ་སྟབས་ཇེ་དལ་བྱེད་པ་ལ་བསྒུགས་ནས་འདུག་ཀྱང་རི་བོང་གིས་ཧ་ལམ་བྱི་ལོང་གི་ལུས་ལ་ཐུག་སོང་བས། རི་བོང་གིས་ངོ་མདོག་ནག་པོ་གྱུར་པ་དང་ཁྲོ་ཉམས་ཀྱི་མིག་ཟུང་བགྲད་དེ་བྱི་ལོང་ལ་“ཕར་སོང་། གླེན་པོ་ཁྱོད། ཕར་ལ་སོང་ཡ།”ཞེས་ཟེར།

དེ་ནས་རི་བོང་གིས་ཀྲི་ཀྲི་ཞེས་སྒྲོག་ཞོར་སྡོང་དུམ་ཞིག་བསྐོར་ནས་ཚང་གཞན་ཞིག་གི་ནང་འཛུལ་ཏེ་ཡལ་སོང་།

ཕཱ་ཐ། ཕཱ་ཐ་ཡི་གོམ་སྒྲ་ནི་ད་དུང་ཇེ་ཆེ་ནས་ཇེ་ཆེ་ཡིན་ཞིང་། རྗེས་སུ་གློ་བུར་དུ་ཐར་ཐོར་དུ་ལྷུང་པ་ནང་བཞིན་སེར་བ་ཁོའི་ཉེ་འགྲམ་གྱི་ལོ་མ་སྐམ་པོའི་ས་གདན་སྟེང་དུ་ལྷུངས་ཏེ། ནགས་ཚལ་ཡོངས་རྫོགས་ཧ་ལམ་སྟོབས་ཤུགས་ཅི་ཡོད་ཀྱིས་རྒྱུག་འགྲན་པ་དང་རྗེས་སྙེག་བྱེད་པའམ་ན་རི་དྭགས་རུབ་རྒྱག་བྱེད་པ་དང་མཚུངས།

དེའི་ཚེ་ཁོ་ད་གཟོད་ཤེས་ཏེ། རི་ཐང་དང་ནགས་ཚོམ་ནང་བསྡད་པའི་སྡོད་མི་གཞན་པ་དག་ནི་དེ་རུ་ཐུག་པ་དག་ཡིན་ལ། ཁོ་ཚོ་ཆེས་མུན་ནག་གི་དུས་སུ་མྱོང་ཚོར་ཐོབ་པའི་བྱ་དངོས་རྣམས་སྔོན་ཆད་ཆུ་ཙིག་གིས་ཁོ་ལ་རྒྱང་དུ་གཡོལ་བར་འཇུག་འདོད་པ་དེ་ཡིན་ཏེ། གདོད་མའི་ནགས་ཚལ་ཁྲོད་ཀྱི་འཇིགས་སྐྲག་དེའོ༎

བྱི་ལོང་ཁེར་རྐྱང་ངང་གདོད་མའི་ནགས་ཚལ་དུ་སོང་བའི་དུས་སུ་ཆུ་ཙིག་ད་དུང་མེ་ཐབ་གམ་དུ་གཉིད་ཅོག་སྐྱིད་པོ་ཞིག་བརྒྱབ་ནས་བསྡད་ཡོད་ཨང་།

ད་རུང་བྲིས་མ་ཚར་བའི་སྙན་ངག་གི་སྨྱུག་ཤོག་དེ་ཆུ་ཙིག་གི་པུས་མོའི་སྟེང་ནས་མར་ལྷུང་། ཐབ་ནང་ནས་མེ་སྟག་ཅིག་འཕག་སྟེ་མེ་ལྕེ་ཇེ་ཆེར་སོང་བས། ཆུ་ཙིག་གཉིད་དཀྲོག་ཅིང་མྱུར་དུ་ལག་པ་བརྐྱངས་ཏེ་པང་གཅལ་ཐོག་ནས་སྨྱུག་ཤོག་ཡར་བླངས། དེ་ནས་ཁ་ཕྱིར་འཁོར་ཏེ་བྱི་ལོང་བོས་ནས་ཁོས་སྙན་ངག་གི་ཚིག་མཐའི་སྒྲ་རྒྱན་ཡག་པོ་ཞིག་དྲན་ཨེ་ཐུབ་བམ་ཞེས་འདྲི་འདོད་པ་ན།

བྱི་ལོང་མེད་པ་ནི་སྨོས་མ་དགོས་སོ༎

ཆུ་ཙིག་གིས་དབུགས་འབྱིན་པར་མཚམས་བཞག་སྟེ་ཡུད་ཙམ་ཉན་རྗེས་ཁང་པའི་ནང་ལ་འཇམ་ཐིང་ངེ་ཡིན།

ཁོ་སྐད་ཤུགས་མཐོན་པོའི་སྒོས“ཨ་བྱི། ཨ་བྱི”ཞེས་བོས།

འོན་ཀྱང་ཨ་ལན་མེད།

ཁོ་ཡར་ལངས་ནས་ཚོམས་ཆེན་དུ་འཛུལ་སོང་།

བྱི་ལོང་གི་ནམ་རྒྱུན་ཞྭ་མོ་བཀལ་སའི་སྟེང་དུ་ཞྭ་མོ་མེད་ལ། དུས་རྒྱུན་གདུགས་སྒྲོམ་འགྲམ་དུ་བཞག་ཡོད་པའི་ཆུ་ལྷམ་ཡང་མི་འདུག།

ཆུ་ཙིག་སྒོར་བུད་ནས་ཁང་བའི་ཕྱི་རོལ་གྱི་འདམ་རྫབ་ངོགས་ལ་ཞིབ་བཤེར་ཕྲ་མོ་བྱས་ཏེ་བྱི་ལོང་གི་རྐང་རྗེས་ཤིག་རྙེད་པར་རེ་བ་བཅངས།

བྱི་ལོང་གི་རྐང་རྗེས་ངོ་མ་དེ་རུ་ཡོད་ལ།

དེ་ནི་བྱི་ལོང་གི་ཆུ་ལྷམ་གསར་པའི་རྗེས་ཡིན་པ་གསལ་པོ་མཐོང་ཐུབ་སྟེ།

ཁོའི་བགྲོད་ལམ་ནི་དྲང་མོ་ཡིན་ལ་འགྲོ་སའི་དམིགས་ཡུལ་ཤིན་ཏུ་གསལ་ཞིང་གདོད་མའི་ནགས་ཚལ་རེད་འདུག།

ཆུ་ཙིག་གི་ངོ་ལ་སེམས་ཁུར་ཆེན་པོ་ཞིག་བྱུང་བའི་ཉམས་ཤིག་བསྟན་ཏེ་ལངས་ནས་སྐར་མ་ འགའ་བསམ་བློ་ཡང་ཡང་བུ་བཏང་ཞིང་།དེའི་རྗེས། ཁོ་སླར་ཡང་ཁང་པའི་ནང་དུ་སོང་ནས་རྐེད་པར་ཆབ་མ་བཅིངས་པ་དང་དེའི་བར་དུ་དཀྲུམ་མདའ་ཆ་གཅིག་གསེབ་ཅིང་ད་དུང་ལག་ཏུ་དབྱུག་དུམ་ཞིག་ཁྱེར་ཏེ་ལམ་ལ་ཆས།

ཁོས་གོམ་པ་ཧབ་སྤོས་བྱས་ཏེ་གོམ་གསུམ་གོམ་གཉིས་སུ་བསྒྱུར་ནས་གདོད་མའི་ནགས་ཚལ་ལ་ཁ་གཏད་ནས་སོང་།

༼ བློ་བཟང་དབང་མོས་བསྒྱུར། ༽