国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚེ་དབང་རྣམ་རྒྱལ་གྱིས་སྒྱུར་སྒྲིག་བྱས་པའི《ལེགས་བཤད་ཉིང་བསྡུས་མཐོང་བ་ཡིད་འགུགས》ཀྱི་བགྲོ་གླེང་ཚོགས་འདུ་དར་མདོར་འཚོགས།

སྤྱི་ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཚེ་དབང་རྣམ་རྒྱལ་གྱིས་སྒྱུར་སྒྲིག་བྱས་པའི《ལེགས་བཤད་ཉིང་བསྡུས་མཐོང་བ་ཡིད་འགུགས》ཞེས་པའི་འགྱུར་དེབ་ཀྱི་བགྲོ་གླེང་ཚོགས་འདུ་དར་རྩེ་མདོ་རུ་འཚོགས།

བགྲོ་གླེང་ཚོགས་འདུ་འདི་ནི་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་གཉིས་ཀྱི་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་ཁུལ་བོད་རིག་པ་ཞིབ་འཇུག་ཁང་། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བ་རེད།

བགྲོ་གླེང་ཚོགས་འདུར་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས། ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས། ཁུལ་བོད་རིག་པ་ཞིབ་འཇུག་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། ཆེད་མཁས་པ། ཁུལ་ལོ་ཙཱ་བ་མཐུན་ཚོགས་ཀྱི་ཚོགས་མི། ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་བཅས་ཞུགས་ཡོད་པ་རེད།

《ལེགས་བཤད་ཉིང་བསྡུས་མཐོང་བ་ཡིད་འགུགས》ཞེས་པ་འདི་ནི་དགེ་རྒན་ཚེ་དབང་རྣམ་རྒྱལ་གྱིས་མི་ལོ་བཅུ་ལྷག་གི་སློབ་ཁྲིད་དང་ལས་དོན་སྣ་ཚོགས་ཀྱི་ཞོར་དུ་རྒྱལ་ཕྱི་ནང་གི་སྐད་གྲགས་ཆེ་བའི་བསམ་བློ་པ་དང་ཚན་རིག་པ། རྩོམ་རིག་པ། སྒྱུ་རྩལ་པ། ཆབ་སྲིད་པ། དམག་དོན་པ། ཁེ་ལས་པ། ལུས་རྩལ་པ་སོགས་མི་སྣ་གྲགས་ཅན་དག་གི་གསུང་གི་ལེགས་བཤད་གཅེས་བཏུས་ངང་བསྒྱུར་ནས་བསྒྲིགས་པ་ཞིག་ཡིན་ལ། ལེགས་བཤད་འདི་དག་ཆེས་གཅིག་བསྡུས་དང་ཚིག་ཉུང་དོན་གསལ་གྱི་སྒོ་ནས་གནའ་དེང་མི་སྣ་གྲགས་ཅན་རྣམས་ཀྱི་ཕུགས་བསམ་གྱི་བརྩོན་ལེན་དང་མེས་རྒྱལ་ལ་དགའ་ཞེན། མི་རིགས་ཀྱི་བརྩེ་དུང་། མི་ཚེའི་ཚོར་ཤེས། སྤྱི་ཚོགས་ལ་བསམ་གཞིགས། རྐྱེན་ངན་བར་ཆད་ལ་འཐབ་རྩོད། ཤེས་བྱའི་དཔྱད་བསྡུར། ཀུན་སྤྱོད་ལ་སྦྱོང་བརྡར། ཤེས་ཡོན་གྱི་རེ་འདུན་སོགས་མཚོན་པའི་རིན་ཆེན་ནོར་བུ་ལྟར་འོད་སྟོང་འབར་བའི་འགྱུར་དེབ་ཅིག་ཏུ་གྱུར་ཡོད་པས། མི་རིགས་རིག་གནས་འཐུས་ཚང་དུ་གཏོང་བར་རམ་འདེགས་བླ་མེད་ཅིག་ཐོབ་ཡོད་པའོ།། ( ཨོ་རྒྱན་དང་ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།)

ཚེ་དབང་རྣམ་རྒྱལ། དཀར་མཛེས་ཁུལ་ལི་ཐང་རྫོང་གི་མི་ཡིན་ཞིང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཐོ་རིམ་འཆད་དཔོན་ཡིན། 1991ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཕ་ཡུལ་ལི་ཐང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་དྲུང་ཡིག་དང་རྒྱ་བོད་ལོ་ཙཱའི་ལས་ཀ་བསྒྲུབས། 1997ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ནས་བོད་སྐད་ཡིག་དང་རྩོམ་རིག་ཆེད་སྦྱོང་གི་དངོས་ཚན་སློབ་ཆེན་མཐར་ཕྱིན། 1998ལོ་ནས་ལི་ཐང་རྫོང་གེ་སྨད་ཡུལ་ཤོག་གི་ཤོག་དཔོན་བྱས། 2001ལོ་ནས་ད་བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལོ་རྒྱུས་དང་རྩོམ་རིག་སོགས་ཀྱི་དགེ་རྒན་དང་། རང་སྦྱོང་རྒྱུགས་སྤྲོད་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད།

《གནས་ཆེན་མངོན་རིག་སེང་གེ་གཡུ་རྫོང་གི་ངོ་སྤྲོད་མདོར་བསྡུས》དང《གེ་སྨད་ཀྱི་མི་རྒྱུད་ཆད་ཚུལ་དང་དེ་ཉིད་གེ་སར་གྱི་གདུང་རྒྱུད་ཡིན་ཚུལ་གྱི་སྐོར་རགས་ཙམ་གླེང་བ》《གནས་ཆེན་སེང་ལྕམ་གངས་རའི་ངོ་སྤྲོད་མདོར་བསྡུས》《གེ་དགོན་ཨོ་རྒྱན་བསམ་འཕེལ་གླིང་གི་ལོ་རྒྱུས་རགས་བསྡུས》《གེ་སྨད་ཀྱི་ས་བཤད་མཐོང་བ་ཡིད་ཀྱི་རྒྱན་ཆ》བཅས་ཀྱི་བརྩམས་ཆོས་མང་ཙམ《གངས་ལྗོངས་ཉི་གཞོན》དང《གེ་སར་འཁྲུངས་ཡུལ》《གངས་དཀར་རི་བོ》《ཁམས་པའི་འཛུམ་རིས》སོགས་ཀྱི་དུས་དེབ་ཁག་ཏུ་སྤེལ།