པེ་ཅིང་ནས་སྤྱི་ཟླ10ཚེས19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར33.3སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ13.5འཕར་ནས་དུས་མཚུངས་ཀྱི་ལོ་རྒྱུས་ཟིན་ཐོ་གསར་པ་སླར་ཡང་བཏོད་དེ་རྒྱལ་ཡོངས་ལྕགས་ལམ་སྐྱེལ་འདྲེན་ལས་དོན་བདེ་འཇགས་དང་། བརྟན་པོ། རིམ་ལྡན་བཅས་ཀྱི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
འགྲུལ་སྐྱེལ་ནུས་པ་ཆེ་རུ་ཕྱིན་པ། རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར10792གཏོང་གི་ཡོད་པ་དེ་དུས་མཚུངས་ལས་བརྒྱ་ཆ9.8འཕར་ཡོད་པ་དང་། སྤྱི་ཟླ་དང་པོ་ནས་དགུ་པའི་བར་ཡུལ་སྐོར་མེ་འཁོར1430བཏང་ནས་ཡུལ་སྐོར་དཔལ་འབྱོར་དང་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། རྒྱལ་སྒྲོལ་འགྲུལ་སྐྱེལ་ལ་ཤུགས་བརྒྱབ་ནས་ཀོང་ཧྲེན་ཀང་མྱུར་བགྲོད་ལྕགས་ལམ་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི1990ཙམ་སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ43.1འཕར་བ་དང་། ཀྲུང་གོ་དང་ལོ་སིའི་དབར་གྱི་ལྕགས་ལམ་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི19སྐྱེལ་འདྲེན་བྱས་ཡོད་པ་རེད།
ཞབས་ཞུའི་སྤུས་ཚད་ལེགས་སུ་ཕྱིན་པ། 2024པར་གཞིའི《རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་སྒྲིག་སྲོལ》ལག་ལེན་བསྟར་ནས་དམངས་ཕན་གྱི་བྱེད་ཐབས་གསར་པ་བཏོན་ཡོད། ལྕགས་ལམ12306གིས་སློབ་མས་སྤ་སེ་མངགས་ཉོའི་ཆེད་དོན་ཞབས་ཞུ་སོགས་བྱེད་ནུས་གསར་པ་བཏོན་ནས་སྤ་སེ་འཚོང་བའི་ཐབས་ཇུས་ཚན་རིག་དང་མཐུན་པ་བཟོས་པས། འགྲུལ་པས་སྤ་སེ་ཉོས་ནས་ཕྱིར་སྐྱོད་པའི་མྱོང་ཚོར་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་པ་རེད།།
( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)