国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔལ་ཡུལ་རྫོང་གིས་རྩལ་ནུས་གསོ་སྦྱོང་ལ་ཤུགས་བསྣན་ནས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་།

ཨར་ལས་པར་ལག་རྩལ་གསོ་སྦྱོང་བྱེད་བཞིན་པ།

གྲོང་གསེབ་ངལ་རྩོལ་པའི་རྩལ་ནུས་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་ཡོང་ཆེད། ཉེ་ཆར། དཔལ་ཡུལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་།འཛུགས་སྐྲུན་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གཞོགས་འདེགས་བྱས་ཤིང་།མན་དབྱང་གྲོང་ཁྱེར་ཐེན་ལུང་ཁྲེང་ཀྲུའུ་ལས་རིགས་གསོ་སྦྱོང་སློབ་གྲྭས་སྒྲུབ་འགན་འཁུར་བའི་ཨར་ལས་རྡོ་བཟོའི(ཆུ་འདྲེས་རྩིག་པ)རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དེ་འཛུགས་སྐྲུན་གྲོང་རྡལ་དཔལ་སྨད་གྲོང་སྡེར་སློབ་འགོ་ཚུགས་པ་རེད། གྲོང་སྡེ་དེའི་མང་ཚོགས་ཁྱོན30ཙམ་གསོ་སྦྱོང་ནང་ཞུགས་ཡོད།

ད་ཐེངས་ཀྱི་གསོ་སྦྱོང་དེ་གཙོ་བོ་རྡོ་བཟོ(ཆུ་འདྲེས་རྩིག་པ)ལག་རྩལ་གསོ་སྦྱོང་བྱ་རྒྱུ་དེ་ཡིན་ཞིང་། སློབ་ཚན་ཐོག་གསོ་སྦྱོང་གི་སྤུས་ཚད་དང་དམིགས་སའི་རང་བཞིན་གཞི་བཟུང་ནས།མན་དབྱང་གྲོང་ཁྱེར་ཐེན་ལུང་ཁྲེང་ཀྲུའུ་ལས་རིགས་གསོ་སྦྱོང་སློབ་གྲྭ་ནས་ཡོང་བའི་དགེ་རྒན་གྱིས་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ལག་ལེན་བཀོལ་སྤྱོད་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་སློབ་ཁྲིད་བྱས་པ་རེད། དགེ་རྒན་གྱིས་འགྲེལ་བཤད་རྒྱག་ཅིང་དཔེ་སྟོན་བྱེད་པ་དང་སློབ་མས་ལད་མོ་སྦྱོང་བརྡ་བྱེད་པ་སོགས་དགེ་སློབ་ཕན་ཚུན་མཉམ་འགུལ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཡུལ་དངོས་སུ་སློབ་མར་ཨར་ལས་རྡོ་བཟོའི་རྨང་གཞིའི་ཤེས་བྱ་དང་ལག་རྩལ་ཁོང་དུ་ཆུད་པར་བྱས།

“དེ་སྔོན་ཨར་ལས་རྡོ་བཟོ་སྐོར་ཉུང་ཙམ་མ་གཏོགས་མི་ཤེས། ད་ལྟ་རྩལ་ནུས་གསོ་སྦྱོང་ནང་ཞུགས་རྗེས་ཨར་ལས་རྡོ་བཟོའི་རྩིག་པ་རྩིག་སྟངས་ཤེས་པ་དང་ཕྱིས་སུ་ལས་ཀ་ཁྲོད་བེད་སྤྱོད་བྱ་ཆོག་པ་རེད། སྤྱོད་གོ་ཧ་ཅང་ཆེན་པོ་འདུག”ཅེས་གསོ་སྦྱོང་ནང་ཞུགས་མཁན་གྱི་ཡུལ་མིས་དེ་ལྟར་བཤད།

འཛུགས་སྐྲུན་གྲོང་རྡལ་དཔལ་སྨད་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གི་ཁོངས་མི་བསོད་ནམས་དབྱང་ཅན་གྱིས་ད་ཐེངས་ཀྱི་རྩལ་ནུས་གསོ་སྦྱོང་ལས་འཛུགས་སྐྲུན་གྲོང་རྡལ་དཔལ་སྨད་གྲོང་ཚོའི་མང་ཚོགས་མི་སྒེར་གྱི་ལས་ཞུགས་ནུས་པ་སྔར་བས་ཆེ་རུ་ཕྱིན་པར་མ་ཟད།གྲོང་ཚོ་ཧྲིལ་པོའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ནུས་པ་ཐེབས་ཡོད་ཅེས་བཤད། གྲོང་ཚོས་ད་ཐེངས་ཀྱི་མ་ལག་རང་བཞིན་གྱི་གསོ་སྦྱོང་འདི་བརྒྱུད་ནས་མི30ཡོད་པའི་ངལ་ནུས་ཕྱིར་གཏོང་དཔུང་ཁག་ཅིག་བཙུགས་ནས། རྫོང་གི་ལས་ཞུགས་སྲིད་ཇུས་ཀྱི་རོགས་སྐྱོར་དང་ལས་སྟེགས་བརྒྱུད་དེ་ཡུལ་མི་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་།ཡུལ་མི་ཚོར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད་དོ།

( སྐལ་བཟང་རྒྱ་མཚོས་བསྒྱུར།)