国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་མཇུག་གི་ལོ་མ་སེར་པོ།

སྟོན་གྱི་ནམ་ཟླ་སྐད་ཅིག་ཚེས་དུས་འདིར།།

ལོ་མ་སེར་ཆེན་སྐྱ་བོར་འགྱུར་བཞིན་དུ།།

མདུན་གྱི་ལམ་ལ་གཅིག་རྗེས་གཉིས་མཐུད་ལྷུང་།།

རླུང་གིས་ཡར་མར་རི་ལུང་གང་སར་འདེད།།

ཁྲུང་ཁྲུང་གཤོག་སྒྲོ་སྦྲེལ་ནས་ལྷོ་རུ་འཕུར།།

ཆད་མེད་སྨྲེང་བ་འདོན་བཞིན་རྒྱང་དུ་བརྩོན།།

བདག་འགྲམ་སྟོང་པར་སྣང་བའི་སྟོན་མཇུག་འདིར།།

སྨྲེང་བའི་ངག་ནས་ཚོར་བའི་དབྱངས་ཤིག་འཐེན།།

བྱད་གཟུགས་མཛེས་པའི་ལོ་མ་སེར་པོ་ཁྱོད།།

མི་སྡོད་གང་སར་སྤུར་བའི་འཁྱམ་པོ་ཞིག།

རང་མདོག་གྱུར་ཏེ་གས་ཆག་ཤོར་བའི་ཚེ།།

ཡུལ་ལུང་སྨྲེང་བའི་འཁུན་སྒྲ་ལན་གཅིག་ཤོར།།

མ་བོས་མགྲོན་དུ་བསླེབས་པའི་དུས་སྟོན་འདིར།།

ལོ་མ་སེར་པོ་ཡལ་བའི་དུས་ཚིགས་མངོན།།

ལན་གཅིག་རྒྱང་ལ་ཡལ་དུ་སོང་ན་ཡང་།།

ལོ་རྗེས་བསྐྱར་དུ་སྐྱེ་བར་སྨོན་པས་ཁེངས།།

ནམ་ཟླ་མི་སྡོད་སྐད་ཅིག་འགྱུར་བ་ཡིས།།

སྟོན་དུས་རྩྭ་དང་ལོ་མ་ཁ་དོག་བརྗེ།།

སྐད་ཅིག་མཛེས་ཀྱང་མི་རྟག་ཆོས་ཉིད་ལས།།

ལོ་མ་སེར་ཆེན་ལས་དབང་རབ་ཏུ་དམན།།

མྱུར་བ་མྱུར་བར་ཐོན་པའི་དུས་ཚིགས་དག།

འཚོ་བའི་ངོ་གདོང་ངོགས་སུ་དགའ་སྡུག་རེས།།

ཡང་དང་ཡང་ནས་མྱོས་པའི་ཚོར་བས་སྦྲིད།།

མི་ཚེ་ལས་དབང་འདི་ཉིད་སྒྱུ་མའི་འཕྲུལ།།

སྟོན་མཇུག་ལོ་མ་སེར་པོ་རླུང་གིས་གཡོ།།

མི་དབང་ཁྱོན་ཡངས་ཐང་དུ་ལན་རེར་ཟགས།།

མགྲོན་གྱི་རྡོག་པས་ས་ལ་བརྫིས་པའི་ཚེ།།

ལོ་མ་སེར་ཆེན་རང་མདོག་ངང་གིས་ཤོར།།

སྟོན་མཇུག་ཚོར་བའི་སྣང་བ་མང་དུ་བྱུང་།།

འཆར་ཡན་སྒོ་ཁྱི་བརྡུངས་པའི་ལམ་ཁ་ནས།།

ལག་གཉིས་སྒུལ་བའི་སྨྱུག་རྩེ་རྣོན་པོ་ཡིས།།

མི་གཅིག་ཚོར་བའི་སྣང་བརྙན་གཟུགས་སུ་བྲིས།།

༼ སྙན་རྐང་གླིང་། ༽