国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གྲོང་ཡུལ་འཕེལ་རྒྱས་ཀྱི་རྨང་གཞི་བཙུགས་ཏེ་མི་སེར་བདེ་སྡོད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱ་དགོས།

བདེ་སྡོད་བྱུང་བ་ནས་སྡོད་གནས་ལེགས་འགྱུར་ཡོང་བའི་བར།སྡོད་གནས་ཁོར་ཡུག་ཇེ་སྐྱིད་ནས་ཇེ་སྐྱིད་རེད།

( པར་ངོས་དང་པོར་མཐུད།)ཀྲུང་གོ་གསར་པ་བཙུགས་པ་ནས་བཟུང་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་རང་ཁུལ་གྱིས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་གཞི་གནས་ཏེ་བདེ་སྡོད་གཙོ་བོར་འཛིན་ནས་གྲོང་སྡེའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དང་། གྲོང་རྡལ་དང་སྡེ་ཁུལ་རྙིང་གྲས་སྒྱུར་བཀོད་ཀྱི་ལས་ཀ་སྤེལ་ནས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་སོགས་དམངས་ཕན་ལས་གྲྭ་དང་མང་ཚོགས་ཀྱི་སྡོད་ཁང་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།

གྲོང་ཡུལ་གྱི་གྲོང་མིའི་འཚོ་བའི་ཁོར་ཡུག་དང་སྡོད་གནས་ཀྱི་སྤུས་ཚད་ལེགས་སུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་མི་སེར་གྱི་སྡོད་གནས་ལེགས་ཤིང་སྐྱིད་པོ་ཡོང་བར་དམིགས་ཏེ། གྲོང་ཡུལ་དང་གྲོང་རྡལ་ཅན་གསར་པར་བརྟེན་ནས་གྲོང་ཡུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་བའི་གོ་སྐབས་དང་བསྟུན་ཏེ་ཚད་གཞི་མཐོ་བ་དང་ལས་ཕྱོད་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་སྡེ་ཁུལ་ཆུང་གྲས་དང་སྡེ་ཁུལ་རྙིང་པ་སོགས་ཀྱི་སྡོད་གནས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས། སྤྱི་པའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད་པ་རེད།

སྡོད་གནས་ལེགས་པ་ནས་འཚོ་སྡོད་དང་འཚམ་ཞིང་འཕྲོད་པའི་བར།དམངས་འཚོའི་བདེ་སྐྱིད་ཀྱི་སྒོ་འཕར་ཡངས་པོར་ཕྱེ།

ཏང་དང་རྒྱལ་ཁབ་དང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་འོག་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་ནས་བཟུང་།རང་ཁུལ་གྱིས་སྲིད་གཞུང་གི་མ་འཇོག་དང་ཁྲོམ་རའི་མ་འདྲེན་ཟུང་འབྲེལ་བྱེད་ཐབས་སྤྱད་དེ། གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་དང་དྲོད་རླངས།གསོ་རླུང་མཁོ་འདོན་སོགས་གྲོང་ཁྱེར་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་འཚོལ་ཞིབ་བྱས་པ་དང་། ལྷག་པར་དུ་ཁུལ་ཨུའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་པ་དེས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་གསར་པ་དང་སྔར་བས་མཐུན་པར་བྱས་པ་དང་། སོལ་རླངས་དང་དྲོད་རླངས།གསོ་རླུང་མཁོ་འདོན་བྱ་རྒྱུ་གཙོ་བོར་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་བདེ་སྡོད་ལས་གྲྭའི་ཐབས་ཇུས་བཀོད་སྒྲིག་བྱས་པ་རེད།

ཕྱིན་ཆད། རང་ཁུལ་གྱིས་བརྒྱུད་རིམ་ལྡན་པའི་འཆར་འགོད་དང་རིགས་དབྱེ་ལག་བསྟར། ཞན་ཆ་གསབ་པ། འཁོར་སྐྱོད་ཉེན་མེད། ལྗང་མདོག་ཐཱན་ཉུང་།སྤུས་ཚད་མཐོར་གཏོང་། སྤྱི་འདོམས་མཐུན་སྦྱོར། སྒོ་དབྱེ་མཉམ་སྤྱོད། ལམ་སྲོལ་གསར་སྐྲུན།ཐབས་མང་མཉམ་སྤྱོད་བཅས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་གཙོ་བོར་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལམ་གཞུང་དྲ་བ་འཐུས་ཚང་དང་། གྲོང་ཁྱེར་གྱི་ཆུ་དང་སོལ་རླངས་མཁོ་འདོན་ནུས་པ་མཐོར་གཏོང་། སྐྱེ་ཁམས་ཁོར་ཡུག་སླར་གསོ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་ཀྱི་སྤུས་ཚད་མཐོར་གཏོང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་ནུས་པ་མཐོར་གཏོང་།སྡེ་ཁུལ་ཆུང་གྲས་དང་རྙིང་གྲས་སྒྱུར་བཀོད། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་སོགས་ལ་གཙོ་བོར་དམིགས་ནས། མ་དངུལ་སྒོ་དུང་ཕྱུར263.38བཏང་ནས་ལས་གྲྭ468ལག་ལེན་བསྟར་ཏེ།སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་ལས་དོན་ཁག་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་རྩོམ་པར་སྟོབས་ཤུགས་ཡོད་རྒུ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)