国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཤར་དུ་སོང་ན།

ཞོགས་པར་ཡར་ལངས་དུས།

སའི་གོ་ལའི་གདོང་ལ་འཛུམ་གྱིས་ཁེངས་ཏེ།

སྤྲོ་ཉམས་ཤིག་དང་ལྷན་དུ།

དལ་བུར་ཤར་དུ་སྐྱོད་ཀྱིན་འདུག།

ང་རང་ཉི་མའི་སྟེང་དུ་ཙོག་ནས།

ལག་སྙོབ་ཅིག་བྱས་ཏེ།

སྐར་མ་ལྔ་བཟུང་རྗེས།

ལྷོད་འཇགས་ངང་འབའ་རྩེད་ཞོར།

སའི་གོ་ལའི་རྗེས་སུ་བལྟས་བསྡད།

ཟླ་བས་མིག་ཆུ་འདོན་ཞོར།

སའི་གོ་ལའི་རྗེས་སུ་བརྒྱུགས་ཏེ།

ང་གཅིག་པུ་བར་སྣང་སྟོང་པ་འདིར་མ་བསྐྱུར་ཞེས།

ཇི་ལྟར་ངུས་ཀྱང་། ཇི་ལྟར་བརྒྱུགས་ཀྱང་།

སའི་གོ་ལ་ཧོན་ལོག་མ། ཧོན་འཐོར་བ་བཞིན།

འདང་རྒྱག་ཅི་ཡང་མེད་པར་ཤར་དུ་ཆས་སོང་།

མུ་མཐུད་དུ་སོང་ནས།

རྒྱུ་སྐར་མང་པོ་ཞིག་གི་གསེབ་ཏུ་ཐོན་དུས།

ཕན་ཚུན་གྱི་འགུག་ཤུགས་ཀྱང་མེད་པར་གྱུར་ཏེ།

ཟླ་བས། རང་གི་མིག་ཆུ་ཕྱིས་རྗེས།

སླར་ཡང་རྒྱུ་སྐར་གཞན་ཞིག་ལ་བསྐོར་བ་བྱས་བྱུང་།

སོང་སོང་རྗེས། སའི་གོ་ལ།

ནག་ཁུང་ཆེན་པོ་ཞིག་ཏུ་འཛུལ་སོང་།

ང་ཡང་ཁོའི་རྗེས་བསྙེགས་ནས་ནང་དུ་འཛུལ།

གནོན་ཤུགས་གང་ཞིག་གིས་བཙན་གྱིས་བཙུར་ནས།

ངའི་གློ་བ། ངའི་སྙིང་། ངའི་མཆིན་པ།

ན་ཟུག་གིས་གདུང་བས་གཟིར་ཞིང་།

དོན་ལྔ་སྣོད་དྲུག་ལ་འགས་གཏོར་ཐེབས།

མིག་གཉིས་ཕྱི་རུ་ཕྱུང་།

དེ་གཉིས་ཀྱང་བྱེ་མར་བཏགས།

དབུགས་འཚང་འཚང་དང་།

རྔུལ་ཆུ་འཛགས་འཛགས་ཀྱིས།

ང་རང་སད་པར་བྱས།

འོ། མ་གཞི་དེ་ནི་རྨི་ལམ་ཞིག་གོ།

༼ ཉག་ཕྲན། ༽